བོད་ཀྱི་ཐུན་མོང་མ་ཡིན་པའི་གར་འཆམ་སྒྱུ་རྩལ་གྱི་བྱུང་འཕེལ་དང༌།

གར་འཆམ་གྱི་འབྱུང་ཁུངས།

༈ གར་འཆམ་ཞེས་པ་ནི། ཡི་དམ་ཆོས་སྲུང་སོགས་ཀྱི་གར་དགུའི་ཉམས་ལྡན་གྱི་འགྱིངས་སྟབས་ལ་གར་འཆམ་ཞེས་དང༌། དེ་ཡང་ལག་སྟབས་གཙོ་ཆེ་བ་ལ་གར་དང༌། རྐང་སྟབས་གཙོ་ཆེ་བ་ལ་འཆམ། དེ་གཉིས་ཟུང་དུ་འབྲེལ་བ་ལ་གར་འཆམ་ཞེས་ཡོངས་སུ་གྲགས་ཤིང༌། དེ་གཉིས་ནི་གཞི་མེད་རང་བཟོ་མ་ཡིན་པར་སྟོན་པའི་བསྟན་པ་མདོ་སྔགས་གཉིས་ལས་གསང་སྔགས་རྒྱུད་སྡེའི་དགོངས་པ་ཡིན་ཏེ། འཇམ་དཔལ་མཚན་བརྗོད་ལས། ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང༌། །གོམས་པའི་སྟབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་བ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །ཞེས་དང༌། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས། ཁྲོས་པའི་སྟབས་ཀྱིས་ཞབས་བརྡབས་ཁམས་གསུམ་གནོན། །ཞེས་དང༌། གཞན་ཡང་མགོན་པོའི་ཆོས་སྐོར་སོགས་ལས། ཁྲོས་འཁྲུག་རྔམས་པའི་ཞབས་ནི་ས་ལ་བརྡབས། །ཞེས་དང༌། ཀྲིག་ཀྲིག་ཞབས་ཀྱིས་བགེགས་ཆེན་ཐལ་བར་རློག །ཅེས་དང༌། གཞན་ཡང་དུས་འཁོར་དཔལ་མཆོག་རྩེ་མོ། ཡོ་ག་སོགས་ལས་གར་སྟབས་མང་དུ་གསུངས་པ་དང༌། དཔའ་བོ་དཔའ་མོའི་གར་དང་ཁྲོ་བོ་ཁྲོ་མོའི་གར་ལ་སོགས་པ་གསང་སྔགས་གསར་རྙིང་གི་རྒྱུད་སྡེ་མཐའ་དག་ནས་མང་དུ་གསུངས་པ་ཐམས་ཅད་ཆོས་ཀྱི་ཁོངས་སུ་འདུ་དགོས་པའི་དགོངས་པ་གཅིག་ཏུ་མཐུན་ཞིང༌། དེ་བཞིན་བསྟན་པ་སྔ་དར་གྱི་དུས་སུ་རྣལ་འབྱོར་པ་རྣམས་ཀྱིས་གསང་བ་ཤིན་ཏུ་དམ་པར་མཛད་དེ་སོ་སོའི་སྒྲུབ་ཁང་ནང་དུ་ཕྱག་ལེན་བསྟར་བ་ལས་གཞན་དུ་མི་མངོན་པར་མཛད། ཡིན་ནའང་དུས་རབས་བཅུ་གཅིག་པའི་རྗེས་ལ་མི་སྐྱ་སོགས་ལ་སྦས་གསང་མེད་པར་ཡོངས་གྲགས་སུ་འཁྲབ་སྟོན་བྱེད་པའི་ལུགས་སྲོལ་འདི་ཉིད་དར་བ་ལགས་སོ།། །།

གཉིས་པ། བོད་དུ་གར་འཆམ་བྱུང་ཚུལ།

༈ རྣལ་འབྱོར་པ་འགའ་ཞིག་ལ་ལྷ་སྲུང་གི་སྤྱན་འདྲེན་དང་སྐུལ་གཏོང་སྐབས་ཆོས་སྲུང་གཙོ་འཁོར་བཅས་པ་གར་འཆམ་དང་བཅས་བྱོན་པའི་མཇལ་སྣང་ཡོང་བཞིན་པ་ལྟར་གར་འཆམ་ཡང་དེ་བཞིན་གྱི་སྲོལ་འཛུགས་གནང་སྟེ་དར་བ་ཡིན་ཏེ། དུས་རབས་བརྒྱད་པའི་དུས་དཀྱིལ་དུ་བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་ཆོས་ཁྲི་སྲོང་ལྡེའུ་བཙན་གྱིས་ནང་ཆོས་དར་སྤེལ་མཛད་སྐབས། གང་གིས་བློན་ཆེན་ཞིག་ཆེད་དུ་རྒྱ་གར་དུ་མངགས་ནས་སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས་ཏེ་ཆོས་ཁྲིམས་གཏན་ལ་ཕབ་པར་གནང་བ་དང༌། སྤྱི་ལོ་ ༧༧༧ ལོར་བོད་ལྗོངས་ལྷོ་ཁ་ས་ཁུལ་དུ་ནང་བསྟན་གྱི་དགོན་པའི་ཐོག་མ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་འགྲུབ་པའི་གཙུག་ལག་ཁང་གསར་དུ་བཞེངས་བསྐྲུན་མཛད་ཐོག སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསམ་ཡས་གཙུལ་ལག་ཁང་གསར་བཞེངས་གྲུབ་རྗེས་རྟེན་འབྲེལ་གྱི་མཛད་སྒོའི་ཐོག་ལྷ་གསོལ་འདྲེ་ཕུད་ཀྱི་དགོས་དབང་ལས་ལྷ་ཚོགས་འདྲ་མིན་གྱི་ཞལ་འབག་གཡོགས་ཏེ་གནའ་རབས་བོན་ཆོས་ཀྱིས་ལྐུགས་བརྡ་བྱེད་པའི་ཟློས་གར་རྨང་གཞིར་བྱས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་གར་འཆམ་གྱི་སྒྱུ་རྩལ་འདི་བཞིན་སྲོལ་བཏོད་པ་ནས་ད་བར་ལོ་ངོ་ཆིག་སྟོང་ཉིས་བརྒྱ་ལྷག་ཙམ་སོང་བའི་ལོ་རྒྱུས་ཡོད་དོ།། །།

གསུམ་པ། དགེ་ལྡན་པའི་ཕྱོགས་སུ་དར་ཚུལ།

༈ གར་འཆམ་ནི་གཙོ་བོ་གསང་སྔགས་སྔ་འགྱུར་གྱི་དྲག་པོའི་ལས་ཐབས་ཤིག་ཡིན་ལ། དུས་རབས་བརྒྱད་པའི་ནང་སློབ་དཔོན་རིན་པོ་ཆེས་ཐོག་མར་སྲོལ་བཏོད་པ་ནས་བཟུང་སྔ་འགྱུར་རྙིང་མའི་ཕྱོགས་སུ་དར་འཕེལ་བྱུང་བ་དང༌། དེ་རྗེས་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་དགུང་གྲངས་བཞི་བཅུ་ཞེ་བརྒྱད་བཞེས་པ་རབ་བྱུང་བཅུ་པའི་མེ་མོ་སྦྲུལ་ལོར་གསང་སྔགས་རྒྱུད་པ་གྲྭ་ཚང་རྨང་གཏིང་ནས་དགུང་གྲངས་བདུན་ཅུ་དོན་བརྒྱད་རབ་བྱུང་བཅུ་གཅིག་པའི་མེ་ཕག་ལོ་ཙམ་ལ་འཆམ་གཟིགས་འཛུགས་གནང་མཛད་པར་འདོད་པ་དང༌། ཡང་ན། བོད་རབ་བྱུང་བཅུ་བཞི་པའི་མེ་བྱི་ལོར་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མས་རྩེ་དགོན་གྲྭ་ཚང་གསར་བཞེངས་མཛད་ཅིང༌། རྒྱལ་དབང་ལུང་རྟོགས་རྒྱ་མཚོ་དང༌། ཚུལ་ཁྲིམས་རྒྱ་མཚོ། མཁས་གྲུབ་རྒྱ་མཚོ་བཅས་སྐུ་ཚེ་ཐུང་བས་དགུ་ཕུད་བཞེས་པ་སོགས་ཀྱི་ཆེད་དུ་ཁོང་ལྷ་སར་ཐེངས་མང་ཕེབས་དགོས་བྱུང་སྟབས་རྩེ་དགོན་གྲྭ་པ་ཞབས་ཁོངས་སུ་ཡོད་པ་རྣམས་ཞྭ་ལྷམ་གཤམ་ཐབས་བཅས་གཙང་ཆས་ཁོ་ན་ཡིན་པ་དང༌། དེ་ཕྱོགས་རྣམ་རྒྱལ་གྲྭ་ཚང་དང་གླིང་ཁག་ཚང་མ་གཟན་གཤམ་བཞེས་སྟངས་དང༌། ཞྭ་ལྷམ་བཅས་དབུས་ཕྱོགས་ཀྱི་ལུགས་སྲོལ་རྣམས་ཁོང་གི་ཐུགས་ལ་ཧ་ཅང་བབས་པོ་བྱུང་བས། དེ་རྗེས་གཙང་དུ་ཕེབས་རྗེས་དབུས་ཕྱོགས་སུ་དར་ཁྱབ་ཆེ་བའི་གར་འཆམ་དེ་ཐོག་མར་ཕྱག་བཞེས་གནང་བ་མ་ཟད་ཀླུ་ཀུན་ཏུ་དགའ་བའི་གར་སོགས་དབུ་འཛུགས་གནང་བ་ནས་བཟུང་བཀྲ་ཤིས་ལྷུན་པོར་གར་འཆམ་དར་འགོ་བཙུགས་པ་ཡིན་ནོ།། །།

བཞི་པ། རྣམ་རྒྱལ་གྲྭ་ཚང་དུ་བྱུང་ཚུལ།

༈ ྋརྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་སུ་གནས་བརྟན་འཇམ་དབྱངས་གྲགས་པས་བདེ་ཡངས་ཤར་དུ་ཞྭ་ནག་གི་ཆས་འཛུགས་དང་བཅས་ཐུགས་ཉམས་འུར་ནས་ཟོར་འཆམ་གནང་ཞིང༌། དུས་དེར་བརྩོ་ཞེས་པའི་མེ་ཕུང་ཞིག་སོང་བ་ཀུན་གྱིས་མཐོང་ཞིང༌། བོད་ལ་ཁ་ཕྱོགས་པའི་རྒྱ་དར་རྩེ་མདོའི་རྒྱ་དམག་གི་སྟེང་དུ་ལྷུང་བས་དམག་དཔུང་བཟློག་པའི་ལོ་རྒྱུས་ཡོད་པར་གཞིགས་ཏེ་གྲྭ་ཚང་དུ་གར་འཆམ་སྲོལ་གཏོད་མཛད་ནས་ལོ་ངོ་ ༣༥༠ ཙམ་སོང་བ་དང༌། གཞན་ྋརྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་ཕོ་བྲང་ཆེན་པོ་པོ་ཏ་ལའི་གམ་བཅར་རྣམ་རྒྱལ་གྲྭ་ཚང་དུ་འཆམ་གཟིགས་གསར་འཛུགས་མཛད་ཅིང༌། དེ་ནས་སོག་ཡུལ་དང༌། ཁམས་ཡུལ། དབུས་གཙང་གི་རི་ཁྲོད་ཁག་མང་པོར་ཇེ་རྒྱས་ཇེ་འཕེལ་དུ་སོང་བ་དང༌། ཐུན་མོང་མ་ཡིན་པའི་དཔལ་དུས་ཀྱི་འཁོར་ལོའི་གར་ཐིག་དབྱངས་གསུམ་སོགས་ཆ་ལག་ཡོངས་སུ་ཚང་བའི་ཆོག་གཞུང་འདི་ཉིད་ཀྱང་རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་དགོངས་རྒྱ་ཆེ་བཞེས་ཀྱིས་གྲྭ་ཚང་རིན་པོ་ཆེ་འདི་ཉིད་དུ་ཆུ་ཕོ་སྤྲེལ་ལོ་སྟེ་ཕྱི་ལོ་ ༡༧༥༢ ལོར་འཕྱོངས་རྒྱས་རི་བོ་བདེ་ཆེན་ནས་དུས་འཁོར་ཆོག་གྲྭ་དང༌། གྲྭ་ཚང་ལ་སློབ་འཁྲིད་ཀྱིས་དུས་འཁོར་སྒྲུབ་མཆོད་གསར་འཛུགས་བཀའ་དྲིན་ཆེ་ཐོག་སེར་སྐྱ་ ༡༣༠༠ ཙམ་ལ་དུས་འཁོར་བཀའ་དབང་ཡང་བཀའ་དྲིན་བསྩལ་ཅིང་དེ་ནས་བཟུང་གྲྭ་ཚང་དུ་གར་འཆམ་བཙུགས་པར་གཞིགས་ན་ད་བར་ལོ་ངོ་ ༢༥༠ ཙམ་སོང་ཟིན་པའོ།། །།

ལྔ་པ། འཆམ་པ་པོ་རྣམས་ཀྱི་མཚན་ཉིད།

༈ ལུས་སྟོབས་རྒྱས་ལ་དབང་པོ་སྐྱོན་ཅན་མ་ཡིན་ཞིང༌། ཐུན་མོང་བའི་ལམ་གྱིས་རྒྱུད་སྦྱངས་པ་སྔོན་དུ་སོང་བའི་སྒོ་ནས་བླ་མེད་རྒྱུད་སྡེ་གང་རུང་གི་དཀྱིལ་འཁོར་དུ་དབང་བསྐུར་ཐོབ་ཅིང༌། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་སྲུང་རྒྱུ་སྨོས་མེད་ཐོག བསྙེན་སྒྲུབ་ཚད་དུ་འཁྱོལ་བ་རབ་དང༌། མ་མཐར་ཡང་ལས་རུང་གི་བསྙེན་པ་རེ་སྔོན་དུ་འགྲོ་དགོས་ཤིང༌། གར་འཆམ་དངོས་གཞིའི་སྐབས་སུའང་ལྷ་གང་གི་ཆས་སྤྲས་པ་དང༌། ལྷ་དེའི་ང་རྒྱལ་བཟུང་སྟེ་ངག་ཏུ་རྩ་སྔགས་བཟླ་བ་དང༌། ཡིད་ལྷའི་གསལ་སྣང་དང་མི་བྲལ་བ། ལུས་ཀྱི་རྣམ་འགྱུར་ཐམས་ཅད་སྒེག་པ་དང༌། དཔའ་བ། མི་སྡུག་པའི་ཉམས་སོགས་སྐུའི་ཉམས་སུ་རྫོགས་པ། མདོར་ན། གང་སྣང་ལྷ་སྐུར་མོས་པ་སྐུའི་འཁྱེར་སོ་དང་གཅིག ཐོས་ཚད་སྔགས་སུ་མོས་པ་གསུང་གི་འཁྱེར་སོ་དང་གཉིས། དྲན་ཚད་བདེ་སྟོང་གི་ཡེ་ཤེས་སུ་མོས་པ་ཐུགས་ཀྱི་འཁྱེར་སོ་དང་གསུམ་བཅས། འཁྱེར་གསོ་གསུམ་གྱི་རྣལ་འབྱོར་ལ་གནས་ནས་གང་སྣང་ལྷའི་རྣམ་རོལ་དུ་ཤར་བ་ཞིག་དགོས་ལ། གཞན་དུ་དེ་ལས་ལྡོག་སྟེ་རང་ཉིད་འཆོར་འདོད་དང༌། ངོམས་ངོམས། ཁེངས་དྲེགས་སོགས་ཀུན་སློང་ངན་པའི་དབང་དུ་སོང་ན། དམ་ཅན་ཆོས་སྲུང་ཐམས་ཅད་ཁྲོས་ཏེ་འཇིག་རྟེན་གྱི་ཁམས་སུ་བཀྲ་མི་ཤིས་པ་དང་མཚན་ལྟས་ངན་པ་འབྱུང་ཉེ་བ་མ་ཟད། རྩ་ལྟུང་བདུན་པ་སྒྲོག་པས་ངན་སོང་གི་སྡུག་བསྔལ་མུ་མཐའ་མེད་པར་མྱོང་དགོས་པ་གཞུང་ལུགས་དུ་མ་ལས་གསུངས་སོ།། དེས་ན་རང་ཉིད་ལྷའི་ཆས་སུ་ཞུགས་ལ་དགའ་སྡུག་བར་གསུམ་ཐམས་ཅད་ཡི་དམ་ཆོས་སྐྱོང་གི་ཞལ་མཇལ་ཏེ་གསང་སྔགས་ཟབ་མོའི་སྣོད་དུ་འགྱུར་ཞིང༌། འབྲེལ་ཚད་དོན་ལྡན་འབའ་ཞིག་ཏུ་འགྱུར་བའི་སྨོན་པ་བྱེད་དགོས་པ་ཤིན་ཏུ་ནས་གལ་གནད་ཆེ་བ་ལགས་སོ།། །།

དྲུག་པ། ཀུན་སྤྱོད་དང་རྔ་རོལ་གྱི་སྐོར།

༈ འཆམ་གོས་གྱོན་སྐབས་གཡས་ནས་བླང་དེ་གར་སྟབས་པད་སྐོར་གྱིས་གྱོན་དགོས་པ་ལས་རྒྱུན་སྤྱོད་ཀྱི་གོས་གྱོན་པ་ལྟ་བུར་མི་རུང་བར་གསུངས་ལ། དེ་བཞིན་དོ་རྭར་བསྐྱོད་སྐབས་ཀྱང་ཐ་མལ་པའི་གོམས་སྟབས་མིན་པར། རྡོ་རྗེའི་འགྲོས་ཀྱིས་ལིང་ལིང་དུ་འགྲོ་དགོས་པ་དང༌། རྔ་བརྡུང་སྐབས་ཟུར་གསུམ་སྤྲོད་ལ་ལྷོད་གསུམ་བརྡུང༌། །རྒྱ་མཚོ་ཆེན་པོའི་དཀྱིལ་མ་དཀྲུག །རི་བོ་མཐོན་པོའི་མཐའ་མ་གཅོད། །ཅེས་པ་ལྟར་ཟུར་གསུམ་ནི་རིམ་བཞིན་རྔའི་ཟུར་དང༌། རང་གི་པུས་མོའི་ཟུར། ཐོད་པའི་ཟུར་བཅས་གསུམ་དང༌། ལྷོད་གསུམ་ནི་སེམས་དང༌། ལག་པ། རྔ་གཡོག་བཅས་གསུམ་ལྷོད་དགོས་ལ། རྒྱ་མཚོ་ཆེན་པོའི་དཀྱིལ་མ་དཀྲུག་ཅེས་པ་ནི་རྔའི་དཀྱིལ་འཁོར་གྱི་གསུམ་ཆ་གཅིག་གི་མཚམས་སུ་རྔ་གཡོག་བསྣུན་དགོས་ལུགས་དང༌། རོལ་མོ་དཀྲོལ་ལུགས་ལའང་སྟག་མོའི་ཁ་དང༌། རྒོད་པོའི་གཤོག་པ། གླང་པོའི་སྣ་ལྟར་ཞེས་གསུང་རྒྱུན་ཡོད་པས་གྲྭ་ཚང་འདི་ཉིད་ཀྱི་རོལ་མོ་དེ་དག་སྟག་མོའི་ཁ་ལྟར་བརྡུང་ལུགས་དེ་ཡིན་ལ། སྤྱིར་གར་འཆམ་སྐབས་རོམ་མོ་རྔ་དང་སྦུབ་ཆལ་དང༌། དུང་ཆེན། རྒྱ་གླིང༌། རྐང་གླིང༌། ཏིང་ཤགས། རྡོར་དྲིལ། ཌ་མ་རུ་སོགས་ཡོད་པས་སྔོན་བྱོན་རྒན་རབས་རྣམས་ཀྱི་གསུང་རྒྱུན་ལ་དུང་ཆེན་ནི་སྐད་ཚ་བ་རང་ཤུགས་སུ་ཡོད་པས་སྐད་གསང་ཞིང་སྙན་པ་གཙོ་བོར་དགོས་པ་དང༌། རྐང་གླིང་ནི་སྐད་ཚ་ངར་ལྡན་པ་དགོས་ཤིང༌། རྒྱ་གླིང་ནི་སྙན་པ་རང་ཤུགས་སུ་ཡོད་པས་སྐད་ཚ་དགོས་ལུགས་གསུངས་པ་ནི་གྲྭ་ཚང་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རོལ་མོའི་ཁྱད་ཆོས་ཡིན་ལ། རོལ་མོས་གར་འཆམ་འགོ་འཛུགས་དང་མཇུག་བསྡུའི་གསལ་བརྡ་བྱེད་པས་བར་མཚམས་དབྱེ་བདེ་བའི་ཁྱད་ཆོས་ཀྱང་ལྡན་ཡོད་པ་མ་ཟད། སྔོན་གྱི་གཏམ་དཔེར། རྔ་ལ་དཔགས་པའི་འཆམ། །ཞེས་པ་ལྟར་རོལ་མོ་དེ་དག་གིས་གར་འཆམ་དང་ཕན་ཚུན་རམ་འདེགས་ཀྱི་ཚུལ་དུ་དཀྲོལ་བརྡུང་བྱེད་བཞིན་ཡོད་པས་རྔམ་བརྗིད་ལྡན་པ་ཞིག་ཏུ་འགྱུར་ཞིང༌། འཆམ་གྱི་འགུལ་སྟངས་དང༌། དབྱངས་འགྲོས། གོམ་སྟབས་མཉམ་སྒྲིག་སོགས་ལ་མཐུན་སྦྱོར་གྱི་ཁྱད་ནུས་ཐོན་པ་དང༌། དུང་གི་འབུད་ལུགས་དང༌། སྦུག་གི་དཀྲོལ་ལུགས། རྔ་ཡི་བརྡུང་ལུགས་དག་ཀྱང་ཞལ་འདོན་གྱི་གདངས་དབྱངས་དང༌། འཆམ་ཡིག་དང་འཆམ་པ་པོའི་འཆམ་རྒྱག་ལུགས་སོགས་ལ་བསྟུན་ནས་ཐུན་མོང་མ་ཡིན་པ་ཞིག་འབུད་བརྡུང་དཀྲོལ་གསུམ་བྱེད་ལུགས་ཡོད་པས་ཞིབ་པར་མཁྱེན་པར་འདོད་ཚེ་གཞུང་ལུགས་སོ་སོར་སྦྱང་པ་མཛད་པ་འཚལ་ལོ།། །།

བདུན་པ། གར་འཆམ་གྱི་རྣམ་གྲངས།

༈ སྦྱིན་བདག་ཧ་ཤང་དང༌། གསང་བ་གཤིན་རྗེ་ཕོ་མོ། དུར་བདག ལམ་ཁྲིད་པ། ཞྭ་ནག སྒོ་སྲུང༌། ཨ་ཙ་ར། ལྷ་སྦེར་མ། ཆོས་རྒྱལ་ཡབ་ཡུམ། ཤྭ་བ། མགོན་པོ་ཚེ་རིང༌། ཆོས་སྐྱོང་དང༌། གནོད་སྦྱིན། ཆོས་བདག་མ་སོགས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསམ་ཡས་གཙུག་ལག་ཁང་ལེགས་གྲུབ་ཀྱི་རྟེན་འབྲེལ་དུ་གར་འཆམ་གསར་བཏོད་མཛད་པ་ནས་ད་བར་ནང་ཆོས་ཀྱི་ལྟ་སྤྱོད་མཚོན་ཞིང་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་འཆམ་སྣ་མི་འདྲ་བ་ཉི་ཤུ་རྩ་བཞི་ཙམ་དར་འཕེལ་བྱུང་ཡོད་ཅིང༌། དེ་དག་ཀྱང་འཆམ་གྱི་ནང་དོན་འདྲ་མིན་ལ་གཞིགས་པའི་མགོ་བརྙན་ནམ་ཞལ་འབག་དང༌། འཆམ་ཆས་སོགས་ཀྱང་མི་འདྲ་བ་ཡོད་ལ། རྒྱས་བསྡུས་དང་འཁྲབ་རྩལ་ཡང་མི་མཚུངས་ཤིང་འཆམ་སྣ་སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ལྡན་ཡོད་ལ། སྔོན་བྱོན་མཁས་གྲུབ་ལོ་པཎ་གྱི་ཕྱག་རྒྱུན་དང༌། བོད་ཀྱི་རིས་མེད་ཆོས་སྡེ་སོའི་བརྒྱུད་ལུགས་ཀྱི་ཆ་ནས་འཁྲབ་ལུགས་དང་ཆས་གོས་སོགས་ལའང་མི་འདྲ་བའི་ཁྱད་པར་ཡོད་པ་བཅས་སོ།། །།

བརྒྱད་པ། གར་འཆམ་གྱི་མཚོན་དོན།

༈ ༡༽ དམ་ཅན་ཆོས་ྋརྒྱལ་ནི་རྒྱལ་བའི་བསྟན་པ་བསྲུང་ཕྱིར་ཁྲོ་བོའི་རྣམ་པར་བཞེངས་པའི་ཆོས་སྲུང་ཞིག་དང༌། སེངྒེ་གདོང་ཅན་དང༌། ཆུ་སྲིན་གྱི་གདོང་ཅན་གཉིས། དེ་བཞིན་སྦག་པ་བཞི་བཅས་དྲུག་ནི་དམ་ཅན་ཆོས་རྒྱལ་གྱི་འཁོར་དྲེགས་པ་ཕོ་བརྒྱད་མོ་བརྒྱད་ཅེས་པའི་བཀའ་གཉན་གྱི་གྲས་དང་ཙ་མུ་ཌི་ནི་ཆོས་རྒྱལ་གྱི་ཡུམ་ཡིན་ལ། སྦག་པ་གཞན་བཞི་ནི་འཁོར་གྱི་གྲས་ཡིན་ནོ།། ༢༽ ལམ་འཁྲིད་པའམ་རྒྱུག་ཁྲ་འཁྱེར་བའི་ཕྲུ་གུ་གཉིས་ཀྱིས་དུར་བདག་གི་འབག་གྱོན་ཏེ་འཆམ་པས། ལམ་ཐམས་ཅད་ཀྱི་སྔོན་དུ་ཐབས་ཤེས་གཉིས་མེད་དུ་མི་རུང་བ་མཚོན་ལ། འཁྲབ་མཁན་ཕྲུ་གུ་ཆུང་ཆུང་གཉིས་བྱེད་དོན་ཡང་ལམ་དེ་ཉིད་ཆེས་གཏིང་ཟབ་ཅིང་ཕྲ་ལ་རྟོགས་དཀའ་བར་མཚོན། ༣༽ གསང་བ་གཤིན་རྗེ་ཕོ་མོ་གཉིས་ཤྭ་གཡག་གི་འབག་ཞྭ་ནག་སོགས་གྱོན་ཏེ་འཆམ་པ་ནི་ཐ་མལ་པའི་སྣང་ཞེན་སྦྱང་པའི་རྟགས་སམ་མཚོན་དོན་དུ་བཤད་པ་དང༌། ༤༽ དུར་བདག་བཞི་ཀེང་རུས་གཟུགས་ཅན་དུ་ཡོད་པ་དེས་ཚད་མེད་པ་བཞི་མཚོན་ཞིང་མདོར་ན་མཚན་མའི་རྣམ་རྟོག་གིས་མ་གོས་ཤིང་མཚན་འཛིན་གྱིས་བཅིངས་པ་ལས་ཡོངས་སུ་གྲོལ་བ་མཚོན། ༥༽ ཨ་ཙ་ར་མི་དྲུག་གི་མགོར་ལ་ཐོད་དཀྲིས་ཏེ་འཆམ་པ་ནི། ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བའི་མཚོན་རྟགས་སུ་བཤད། ༦༽ སྒོ་སྲུང་བཞིས་འཆམ་གོས་ཀྱི་ཚོས་གཞི་མི་འདྲ་བ་བཞི་གྱོན་ཏེ་འཆམ་པ་དེས། ཞི་རྒྱས་དབང་དྲག་གི་ལས་བཞི་འགྲུབ་པར་མཚོན། ༧༽ ཞྭ་ནག་བཅུ་དྲུག་ནི་ཆོས་ལུགས་ཀྱི་སྙིང་དོན་གཙོ་བོ་ལྡན་པས་ལག་ཏུ་ཕྱག་ཆོས་བསྣམས་ཏེ་ཐོན་སྐབས། དགེ་འདུན་པས་སེར་སྦྲེང་དང་སྤོས་སྣ་སོགས་ཀྱིས་སྔུན་བསུས་ཏེ་སྤྱན་འདྲེན་བྱེད་ཅིང༌། དེས་འཇིགས་བྱེད་ཀྱི་ཞལ་བཅུ་དྲུག་དང་སྟོང་ཉིད་བཅུ་དྲུག་མཚོན་པའོ།། །།

དགུ་པ། གྲྭ་ཚང་གི་སྲོལ་རྒྱུན་གར་འཆམ།

༈ གར་འཆམ་གྱི་རིགས་ལས་སྐུ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་འདི་ཉིད་ཀྱི་གར་འཆམ་གཙོ་བོ་ནི། ༡༽ དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་སྐབས་ཀྱི་ལྷ་མོ་བཅུ་གཉིས་ཀྱི་གར་དང༌། འཆམ་གྱི་རིགས་ལས། ༢༽ ཕུར་པའི་རྩ་འཆམ་ཞེས་ཕལ་ཆེར་མངོན་སྤྱོད་ཀྱི་ལས་སྒྲུབ་པའི་ཆེད་དུ་ཡིན་ཞིང་གྲྭ་ཚང་གི་འཆམ་དེ་ཡང་ཕུར་པའི་རྩ་འཆམ་ཞེས་པ་འདི་ཉིད་ཡིན་ཞེས་ཁྲི་དྭགས་རྡོ་རྗེ་འཆང་གིས་གསུངས་ཤིང༌། ༣༽ གཞན་ཡང་ཤྭ་བའི་གཟུགས་བརྙན་དུ་བྱས་པའི་འཆམ་སྣ་འདི་ཉིད་རྩེ་དགུ་གཏོར་སྐབས་དམིགས་བསལ་འཁྲབ་སྲོལ་ཡོད་པའི་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་ཐུན་མོང་མ་ཡིན་པའི་འཆམ་སྣ་ཞིག་ཀྱང་ཡིན། ༤༽ དུར་བདག་དང་ཤྭ་བ་ནི་ཆོས་རྒྱལ་གྱི་ཐུགས་ཀ་ནས་སྤྲོས་ཞིང་དེ་གཉིས་ཀྱིས་བསྟན་པ་དང༌། འགྲོ་བ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་མི་དང་མི་མ་ཡིན་གདུག་པ་ཅན་རྣམས་ཀྱི་རྣམ་ཤེས་དུར་བདག་གིས་འགུགས་པར་བྱེད། ༥༽ ཤྭ་བས་དངོས་སུ་རྣམ་ཤེས་བསྡུ་བའི་ལས་བྱེད་པ་དང་མཇུག་ཏུ་ལིང་རོའི་གཏོར་མ་གཡུག་མཁན་ཤྭ་བ་ཆུང་ཆུང་གཉིས་ཡོད་པ་དེ་ནི་ལ་མོ་བྱང་ཆུབ་ལྕོག་གི་ཚངས་པ་ཞི་བ་དང༌། གཅིག་ནི་ཚེར་གསེབ་ཚངས་ཆེན་དྲག་པོ་གཉིས་ནས་ཕྱག་བཞེས་མཛད་ཅིང་ངེས་པར་ཤྭ་བ་བྱེད་དགོས་པ་ནི་ཚེ་འཕེལ་བའི་རྟེན་འབྲེལ་གྱི་ཁྱད་པར་དུ་བརྩི་བའོ།། ༦༽ མགོན་པོ་ཚེ་རིང་ནི། ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་སོག་ཡུལ་དུ་ཆིབས་བསྒྱུར་བཀའ་དྲིན་ཆེ་སྐབས་སོག་པོའི་དགོན་པ་ཞིག་ཏུ་འཆམ་སྲོལ་ཡོད་པ་ལྟར། ཆིབས་ཞབས་རྣམ་གྲྭ་སྐུ་ཞབས་ཞིག་ལ་སློབ་སྦྱོང་སྤྲད་དེ་བོད་དུ་གྲྭ་ཚང་གི་འཆམ་ཁོངས་སུ་འཛུགས་གནང་མཛད་པ་དང༌། རྒས་པོས་སྟག་གསོད་པའི་ལོ་རྒྱུས་འདིར་བརྟེན་འབྲེལ་གྱི་འབྲེལ་བཤད་བྱ་རྒྱུ་ཤིན་ཏུ་མང་ལ་འཆམ་ཚང་མའི་རྗེས་སུ་རྒས་པོས་ལག་ཏུ་ཁ་བརྟགས་ཐོགས་ཏེ་གཡོབ་པ་དེ་ཡང་གཡང་འགུགས་པའི་ཕྱག་རྒྱ་དང་བཅས་བཀྲ་ཤིས་པའི་མཚོན་དོན་ཡོད་དོ།། ༧༽ མཁའ་འགྲོ་སྡེ་ལྔ་ནི། འཛམ་གླིང་གནས་ཕྱོགས་ཡུལ་ཉེར་བཞིའི་མཁའ་འགྲོ་རིགས་ལྔའི་གར་འཆམ་ཡིན་ནོ།། ༨༽ སྔགས་པ་ཕུར་ཐོགས་ཅན་གྱི་ཞྭ་ནག་གི་འཆམ་ནི་གོང་དུ་འཆད་ཟིན་པ་ཟིན་པ་ལྟར་བཅས་ལགས་སོ།། །།

བཅུ་པ། གར་འཆམ་གྱི་ཆས་གོས་ཀྱི་སྐོར།

༈ གར་འཆམ་གྱི་ཆས་གོས་ནི། བསམ་ཡས་གཙུག་ལག་ཁང་གསར་བཞེངས་གྲུབ་པའི་རྟེན་འབྲེལ་གྱི་མཛད་སྒོར་དཔོན་པདྨ་འབྱུང་གནས་ཀྱིས་ལྷ་གསོལ་འདྲེ་ཕུད་ཀྱི་དགོས་དབང་ལས་ལྷ་ཚོགས་འདྲ་མིན་གྱི་ཞལ་འབག་གཡོགས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གར་འཆམ་འདི་ཉིད་གསར་བཏོད་མཛད་ཅིང༌། རྣལ་འབྱོར་པ་ལ་ལར་ཆོས་སྲུང་གཙོ་འཁོར་རྣམས་གར་འཆམ་དང་བཅས་བྱོན་པའི་མཇལ་སྣང་བྱུང་བ་ལྟར་གར་འཆམ་བྱུང་བའི་འཕེལ་རིམ་ལ་གཞིགས་ཚེ་གར་འཆམ་གྱི་ཆས་གོས་ཕལ་མོ་ཆེ་ལྷའི་ཆས་ཡིན་ཞིང༌། དེ་མིན་འདུལ་བའི་གཞུང་ནས་ཆོས་གོས་རྣམ་གསུམ་ལུས་ལ་གྱོན་སྟབས་དགེ་སློང་ཡིན་སྙམ་པའི་འདུ་ཤེས་ངང་གིས་འབྱུང་གསུངས་པ་ལྟར་དང༌། སྔགས་འཆང་རིག་པ་འཛིན་པ་ཡང་ཡི་དམ་ལྷའི་ང་རྒྱལ་དང་གསལ་སྣང་བརྟན་ཕྱིར་ཞྭ་ནག་གི་ཆས་གོས་སོགས་མཛད་ཀྱི་ཡོད།
ཞྭ་ནག་གི་ཆས་གོས་ནི། སྔོན་བོད་ཀྱི་སྔགས་འཆང་ལྷ་ལུང་དཔལ་གྱི་རྡོ་རྗེས་ཞྭ་ནག་གི་ཆས་གོས་བསྣབས་ནས་ཕོད་ཁའི་ཕུ་ཐུང་ནང་ལྕགས་ཀྱི་མདའ་གཞུ་བསྐུངས་ནས་བསྟན་ལ་སྡང་བའི་སྡིག་ཅན་གྱི་རྒྱལ་པོ་གླང་དར་བསྒྲལ་བའི་ལོ་རྒྱུས་ཡོད་པས་ཞྭ་ནག་གི་ཆས་སུ་ཞུགས་ན་རྟེན་འབྲེལ་གྱི་ཁྱད་པར་ཡོད་ཚུལ་དམ་པའི་གསུང་ལས་བྱུང་ཞིང༌། ཞྭ་ནག་གི་ཆས་གོས་འདི་བཞིན་བོད་ཀྱི་སྔགས་འཆང་རིག་པ་འཛིན་པ་རྣམས་ཀྱིས་དྲག་ལས་བྱེད་པའི་ཚེ་བསྣབས་པའི་ཆས་གོས་ཤིག་ཡིན་ལ། ཐོག་མའི་འབྱུང་ཁུངས་ལྷ་ལུང་དཔལ་གྱི་རྡོ་རྗེས་ནས་འབྱུང་ཞེས་བཤད་སྲོལ་ཡོད་ཅིང༌། ཞྭ་ནག་ཅེས་པ་འདི་ནི་ཀུན་མཁྱེན་ངག་དབང་བློ་བཟང་རྒྱ་མཚོས། མིག་སྨན་མདངས་འཛིན་བདུད་ཕོད་ལྷབ་ལྷུབ་གཡོ། །བྷན་ཕུར་ཐོགས་ཤིང་སྲིད་པའི་སྤྱི་ཞྭ་གྱོན། །ཞེས་གསུངས་པར་གཞིགས་ན་ཞྭ་ནག་པོ་འདིའི་མིང་ལ་སྲིད་པའི་སྤྱི་ཞྭ་ཞེས་གྲགས་པར་སྙམ་པ་ལགས་སོ།། །།

བཅུ་གཅིག ཞྭ་ནག་འཆམ་ཆས་ཀྱི་མཚོན་དོན།

༈ རྣལ་འབྱོར་པས་དབང་དང་དྲག་པོའི་ལས་སྦྱོར་གྱི་ཚེ་སྔགས་ཆས་ཞྭ་ནག་གི་ཆས་གོས་དང་བཅས་གསེར་སྐྱེམས་དང༌། དྲག་བསྐུལ། ལྷ་དབྱེ། བསྒྲལ་ལས་རྣམས་གར་དགུའི་ཉམས་ལྡན་གྱིས་མཛད་པའི་འགྱིངས་སྟབས་ལ་ཞྭ་ནག་གི་འཆམ་དང༌། རྔ་འཆམ་ལ་སོགས་པའི་ཐ་སྙད་ཐོབ་པ་ལས། རྣམ་པར་གཡེང་རྒྱུའི་འཁྲབ་སྟོན་ལྟ་བུར་ངོས་འཛིན་མི་རུང་ཞིང༌། སྔགས་འཆང་རིག་པ་འཛིན་པ་རྣམས་ཀྱིས་ཡི་དམ་ལྷའི་ང་རྒྱལ་དང་གསལ་སྣང་བརྟན་ཕྱིར་བསྒོ་བའི་གོས་གསུམ། བྱུགས་པའི་རྫས་གསུམ། འདོགས་པའི་རྒྱན་གཉིས་སོགས་དཔལ་གྱི་ཆས་བརྒྱད་དང༌། མཁུར་མཚོས་གཉིས་དང༌། དཔྲལ་བ་སོགས་ལ་གླ་རྩི་དང་རྩོ་ཁྲག་གི་ཐིག་ལེ་བྱེད་ཅིང༌། དེ་ནི་མི་ཕྱེད་རང་སྲུང་གི་རྫས་དང༌། ཞྭ་ནག་གི་ཆས་གོས་སོགས་མཛད་ཀྱི་ཡོད། ཕྱག་མཚན་ཕུར་པའི་མཚོན་དོན་ནི། སྤྱིར་ཕུར་པ་ལ་ངེས་དོན་གྱི་ཕུར་པ་དང༌། དྲང་དོན་གྱི་ཕུར་པ་གཉིས་ལས། ངེས་དོན་གྱི་ཕུར་པ་ནི་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་ནང་གི་དགྲ་བོ་ཉོན་མོངས་དུག་གསུམ་མགོ་གནོན་པ་བཞིན་དུ་དྲང་དོན་གྱི་ཕུར་པས་ཀྱང་ཕྱིའི་དགྲ་བོ་གདོན་བགེགས་རྣམས་སྒྲལ་ནུས་པས་ཤེས་རབས་མཚོན་ནོ།། ཐོད་པའི་མཚོན་དོན་ནི། ཐོད་པ་ཕྱི་དཀར་བས་ཐབས་བདེ་བ་ཆེན་པོ་དང༌། ནང་དམར་བས་ཤེས་རབ་སྟོང་པ་ཉིད་དང༌། དེ་གཉིས་ཐོད་པ་གཅིག་ལ་ཚང་བ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མཚོན་པ་འཇིགས་བྱེད་ཀྱི་བསྐྱེད་རིམ་སོགས་ལས་གསུངས་སོ།། ཞྭ་ནག་གི་ཁ་དོག་གིས་ཆོས་དབྱིངས་འགྱུར་བ་མེད་པའི་ཡེ་ཤེས་མཚོན་པ་དང༌། ལྟ་བ་རྣམ་པར་དག་པ་ཡང་མཚོན་ནོ།། རྨ་བྱའི་མདོང་གི་མཚོན་དོན་ནི། རྨ་བྱའི་མདོང་གིས་རྨ་བྱས་བཙན་དུག་འཇུ་བ་ཇི་བཞིན་སྔགས་པས་ནུས་ལྡན་གྱིས་དུག་ལྔ་ཡེ་ཤེས་ལྔར་འགྱུར་ནུས་པ་མཚོན་ནོ།། རྡོ་རྗེ་དང་ཐོད་སྐམ་ནི། རྡོ་རྗེས་གདོད་ནས་དག་པའི་འོད་གསལ་དང༌། ཐོད་སྐམ་གྱིས་མ་འགག་རང་རྩལ་གྱི་ལོངས་སྐུ། དེ་གཉིས་འབྲེལ་ནས་བཞག་པ་དེ་སྐུ་ཐུགས་ཟུང་འཇུག་ཏུ་འཇུག་པ་མཚོན་ནོ།། འབྲུག་གཤོག་གཉིས་ཀྱིས། གཡས་གཡོན་གྱི་འབྲུག་གཤོག་གཉིས་ཀྱིས་དྲག་སྔགས་འབྲུག་ལྟར་སྒྲོགས་ཞིང་གནམ་ལྕགས་ཐོག་སེར་འབེབས་པ་མཚོན། བྱིའུ་ཚང་ནི། བྱིའུ་ཚང་གིས་འོག་གདོན་ཀླུ་གཉན་ས་བདག་གཞོམ་ནུས་པ་མཚོན། མཁའ་ལྡིང་གི་གཤོག་པ་གཅིག་བར་སྣང་ལ་བསྐྱངས་ཤིང༌། གཤོག་ཡས་རྒྱ་མཚོ་བཀབ་པ་སྟེ་ཀླུ་བཏུལ་བའི་གཏམ་ལ་སྦྱར་ན་དགོས་པ་གོང་དང་འདྲ། དར་མཚོན་སྣ་ལྔས། དར་མཚོན་སྣ་ལྔས་སྐུ་ལྔ་ཡེ་ཤེས་ལྔ་ལྷུན་གྱིས་འགྲུབ་པར་མཚོན། ཟེ་སྒྲོ་རྒྱ་དྲས། ཟེ་སྒྲོ་རྒྱ་དྲས་ལས་བཞི་ལྷུན་གྱིས་འགྲུབ་པ་དང༌། ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་མཚོན་ནོ།། ཆོས་འབྱུང་གཉིས་རྩེགས་ཀྱིས། ཆོས་འབྱུང་གཉིས་བརྩེགས་པའི་ཟུར་དུ་ཆོས་འབྱུང་དྲུག་འབྱུང་བས་རྣམ་ཐར་སྒོ་གསུམ་དང༌། བྱ་བྱེད་ལས་གསུམ་མཚོན་ཞིང༌། གཞན་ཡང་ཐིག་ལེ་སྟོང་པ་ཡི་གེ་དྲུག་མཚོན་པར་གསུངས། མིག་དྲུག་གིས། རེའུ་མིག་ནང་གི་མིག་དྲུག་གིས་མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཞེས་པའི་མིག་མཚོན་པ་དང༌། རྣལ་འབྱོར་པ་མངོན་ཤེས་དྲུག་དང་ལྡན་ཞིང༌། གོམས་པ་རྣམ་པར་དག་པ་དང༌། སྟེང་གདོན་གཟའ་དང་སྒྱུ་སྐར་གྱི་གནོད་པ་སྲུང་བ་མཚོན། ཁྲོ་པང་གིས། གཏུམ་མོ་ཁྲོ་ཞལ་འཆར་བ་དང༌། ཁྲོ་བོས་ཉི་ཟེར་གྱི་རྡུལ་གྲངས་དང་མཉམ་པ་སྤྲོ་ནུས་པས་ནང་བདུད་ཉོན་མོངས་དང༌། ཕྱི་བར་གདོན་དང་རྒྱལ་བཙན་གྱི་གནོད་པ་འཇོམ་ནུས་པ་ཡང་མཚོན་ནོ།། སྟོད་ལྷེས། སྟོད་ལྷེ་ནི་ལྷའི་ཆས་འཇུག་གྲས་ཡིན་པས་ཚོན་གྱིས་མི་ཚུགས་པའི་གོས་ཡིན་པས་ལྷའི་ང་རྒྱལ་བརྟན་པའི་ཕྱིར་དུ་ཡིན་པར་གསུངས། རས་ལྷམ་གྱིས། རས་ལྷམ་ནི་རྒྱལ་པོ་ཆེན་པོའི་ཆ་ལུགས་དང་མཐུན་པས་མཛེས་ཆོས་ཙམ་ལས་དགོས་པ་གཞན་དམིགས་བསལ་མ་མཆིས། མགུལ་རྒྱན་གྱིས། མགུལ་རྒྱན་ནི་མགུལ་གྱི་ཐད་དུ་མགྲིན་པའི་རྩ་འཁོར་མཚོན་པའི་རྡོ་རྗེ་རྭ་བཅུ་དྲུག་པ་དང༌། སེ་རལ་ཁས། སེ་རལ་ཁ་རྙིང་ཁའི་རྩ་འཁོར་མཚོན་པའི་རྡོ་རྗེ་རྭ་བརྒྱད་པ་མདུན་རྒྱབ་ཏུ་གནས་པ། འོག་པགས་གིས། སྐེ་རགས་འོག་པགས་ནི་ལྟེ་བའི་ཐད་དུ་དེའི་རྩ་འཁོར་མཚོན་པའི་རྡོ་རྗེ་རྭ་དྲུག་ཅུ་རེ་བཞི་པ་རྒྱབ་ཏུའང་དེ་དང་མཚུངས། དབུ་སྐྲས། སྐྲ་ལ་སོགས་པའི་སྐུད་པ་བྲམ་ཟེ་ཚངས་པ་མཆོད་སྦྱིན་ཐོགས་པའི་ཚངས་སྐུད་དང༌། ཕྱི་པས་དབང་ཕྱུག་མཆོད་ཕྱིར་ཐོགས་པས་མཆོད་ཕྱིར་ཐོགས་ཞེས་བྱ་བ་དང༌། སྤྱིར་ཞྭ་ནག་འདི་ཉིད་རྣལ་འབྱོར་སྔགས་འཆང་དྲག་ལས་བསྒྲལ་འདྲེན་ལ་རྔམ་པའི་ཆ་ལུགས་སུ་སྣང་ཞིང༌། འཕོད་ཀ་དང་ཁྲོ་པང་སོགས་ཀྱང་དྲག་པོའི་ཆས་གོས་མངོན་སྤྱོད་ཀྱི་གཞུང་ལས་བསྟན་པས་ཁུངས་དང་ལྡན་པ་ལགས་ཞེས་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་ནས་གསུངས་ཤིང༌། འདིར་ཞྭ་ནག་གི་ཆས་གོས་ཀྱི་མཚོན་དོན་རྣམས་བདུད་འཛོམས་རིན་པོ་ཆེ་མཆོག་ནས་གསུངས་པ་གཞིར་བཞག་ཐོག་རུས་རྒྱན་གྱི་མཚོན་དོན་སོགས་རྗེ་ཤེས་རབ་རྒྱ་མཚོའི་གསུང་འབུམ་སོགས་ནས་ཁ་བསྐང་དེ་བསྒྲིགས་པའོ།། །།

བཅུ་གཉིས། གར་འཆམ་གྱི་ཆོ་གའི་སྐོར།

༈ ཐོག་མར་ཞྭ་ནག་གི་འཆམ་སྐྱོན་བཞིན་པར་བླ་མ་ཡི་དམ་ཆོས་སྲུང་རྣམས་ལ་གསེར་སྐྱེམས་འབུལ་བར་མཛད་ཅིང༌། དེའི་དོན་ནི། ཁྱེད་རྣམས་ཀྱི་གསེར་སྐྱེམས་ཀྱི་མཆོད་པ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་དང༌། སེམས་ཅན་གྱི་བདེ་སྐྱིད་ལ་གནོད་པར་བྱེད་པའི་གང་ཟག་གདུག་པ་ཅན་འདི་རྣམས་བསྒྲལ་བའི་ཕྱིར་ཁྱེད་རྣམས་ཀྱིས་གྲོགས་དང་དཔང་པོ་མཛོད་ལ་འདི་ཡི་སྐྱབས་མ་མཛད་ཅེས་གསུངས་ཤིང་ཡི་དམ་ཆོས་སྐྱོང་རྣམས་བསྐུལ་བའི་ཆོ་ག་མཛད། དེ་ནས་ཞྭ་ནག་གིས་ཆོས་རྒྱལ་གྱི་ཡུམ་དང་འཁོར་རྣམས་གྲོགས་སུ་སྤྱན་དྲངས། དེ་ཡང་ཆོས་སྲུང་ཁྲོ་བོའི་རྣམ་པ་ཅན་དེ་དག་ཞེ་སྡང་གི་དབང་གི་ཁྲོས་པ་མིན་པར་སྙིང་བརྩེས་ཀུན་ནས་བླངས་ཏེ་སེམས་ཅན་གདུག་པ་ཅན་རྣམས་ཀྱི་རྒྱུད་ཀྱི་ཉོན་མོངས་དུག་གསུམ་གདུལ་བའི་ཆེད་དུ་དྲག་པོའི་རྣམ་འགྱུར་དང་སྐུར་བསྟན་པ་ཡིན་ལ། དེ་དག་ཐུན་མོང་གི་ཐོག་ནས་སྡིག་ཅན་རྣམས་བཏུལ་ཏེ་རྣམ་པར་ཤེས་པ་དག་པའི་ཞིང་དུ་སྤར་བའི་ཆོ་ག་དེ་ལྟར་མཛད་དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་བཞིན་གནས་རིག་ཡོད་པས་ཉོན་མོངས་པ་དང༌། ཚད་མར་འཛིན་པའི་རྣམ་པར་མི་རྟོག་པའི་སེམས་དེ་སྐྱེ་འགྲོའི་བདེ་སྐྱིད་འཇོམས་པ་སོགས་ལས་ངན་ཚབ་ཆེན་གསོག་པའི་རྟེན་འདི་ལ་མ་ཞུགས་པར་རང་བཞིན་གྱི་དྲི་མས་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་མཐོང་ནས་སྒོ་གསུམ་གྱི་དྲི་མའི་ནང་དུ་མ་ཞུགས་པར་དག་པའི་ཞིང་དུ་གཤེགས་སུ་གསོལ། །ཞེས་བསྐུལ་ནས། རང་བཞིན་གནས་རིག་དང་ལྡན་པའི་སེམས་ཅན་དེ་སྡིག་པའི་དྲི་མ་དང་བྲལ་ནས་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་གྱུར་ཅིག ཅེས་གསུངས་བཞིན་སེམས་ཅན་གདུག་པ་ཅན་རྣམས་བསྒྲལ་བའི་ཆོ་ག་མཛད་པ་དང༌། འཆམ་ཡིག་ལ་མཚོན་ན། སྔོན་བྱོན་མཁས་གྲུབ་སྐྱེས་ཆེན་དམ་པ་རྣམས་ལ་ཡི་དམ་ལྷའི་ཞལ་གཟིགས་དང༌། ཉམས་སྣང་རྨད་དུ་བྱུང་བ་སོགས་ལ་བསྟུན་ནས་སྐྱེས་ཆེན་དམ་པ་དེ་དག་གིས་བརྒྱུད་ནས་གསུངས་པའི་གཞུང་ལ་ཁུངས་སུ་མཛད་ནས་ཆོས་སྡེ་སོ་སོར་འཆམ་ཡིག་འདྲ་མིན་མང་དུ་ཡོད་པ་ལྟར་འཆམ་པ་པོ་རང་ཉིད་ཀྱིས་གང་འདོད་ལྟར་འཁྲབ་པ་མིན་པར་སྔོན་གྱི་ཚད་ཐུབ་ཀྱི་གཞུང་ལས་བྱུང་བ་ལྟར་འཁྲབ་དགོས་སོ།། །།

བཅུ་གསུམ། གར་འཆམ་ཡོངས་གྲགས་སུ་འཁྲབ་སྲོལ།

བོད་མི་གནས་ཡུལ་གྱི་དགོན་པ་མང་པོ་ཞིག་ལ་འཆམ་རྒྱག་པའི་སྲོལ་ཞིག་ཡོད་ལ་དེར་རྒྱ་ཆེའི་མང་ཚོགས་ཚོས་ཧ་ཅང་གི་དགའ་པོ་བྱེད་ཀྱི་ཡོད། འཆམ་རྒྱག་པའི་སྲོལ་དེ་དར་ནས་ལོ་ཡུན་རིང་པོ་སོང་ཡོད་ཚོད་འདུག ངག་དབང་ཐུབ་བསྟན་མཆོག་གིས་བྲིས་གནང་བའི་གཙང་གི་གཟིགས་མོ་ཆེན་མོ་ལས་གསལ་བར་གཞིགས་ན། བོད་ཀྱི་དགོན་སྡེ་ཁག་གི་གར་འཆམ་ནི་ཆོས་ལུགས་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཡིན། དེའང་བོད་ཀྱི་བསྟན་པ་སྔ་དར་ཏེ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སོགས་ཀྱི་སྐབས་སུ་ཐོག་མར་རྣལ་འབྱོར་བ་རང་ཉིད་ཐ་མལ་པའི་རྟོག་པ་དང་བྲལ་ཏེ་ཡི་དམ་ལྷའི་ང་རྒྱལ་གྱི་ངང་ནས་ལག་ཏུ་མཚོན་ཆ་ལ་སོགས་པའི་ཕྱག་མཚན་སྣ་ཚོགས་བསྣམས་ནས་འཆམ་རྒྱག་པ་དེ་ནི་གསང་སྔགས་ཀྱི་ཆོས་ལུགས་ཁོ་ནར་བརྩིས་ནས་མི་གཞན་གྱིས་རྩ་བ་ནས་ལྟ་མི་ཆོག་པའི་གསང་བ་ཅན་ཞིག་ཡིན། འོན་ཀྱང་དུས་ཕྱིས་རིམ་བཞིན་དམངས་ཁྲོད་ཀྱི་ཟློས་གར་ལྟར་དུ་གྱུར་པ་ནི་ལོ་དགུ་བརྒྱ་ཙམ་གྱི་སྔོན་དུ་ཨ་ལྕེ་སྣང་སའི་རྣམ་ཐར་གྱི་ཐོག་ནས་རྒྱལ་རྩེ་གནས་རྙིང་དགོན་པའི་འཆམ་གཟིགས་ལྟད་མོ་ནི་སེར་སྐྱ་མི་སྣ་སུ་འདྲ་ཞིག་གིས་ཀྱང་བལྟས་ཆོག་པའི་གར་འཆམ་ཞིག་ཡིན་པ་ར་འཕྲོད་གསལ་པོ་ཐུབ་པ་ཡིན།
གར་འཆམ་གྱི་གཙོ་བོའི་ནང་དོན་ནི་རྣལ་འབྱོར་པའི་མཛད་པ་ཁག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང༌། ཆོས་ལུགས་གྲུབ་མཐའ་ཁག་སོ་སོའི་ངོ་བོ་དང་ཁྱད་ཆོས་ལ་གཞིགས་ཏེ་སངས་རྒྱས་བྱང་སེམས་དང་ཞི་དྲག་མཁའ་འགྲོ་ཡི་དམ་དངོས་སུ་བྱོན་པའི་ཚུལ་སྟོན་ནས་མི་ཚོར་བསོད་ནམས་ཀྱི་བྱིན་རླབས་གནང་བ་ཞིག་ཡིན། དེས་ན་བོད་ཀྱི་ཐུན་མོང་མ་ཡིན་པའི་གར་འཆམ་གྱི་སྒྱུ་རྩལ་གྱི་མཐོང་རྒྱུད་ཕྱག་ལེན་གྱི་གནའ་སྲོལ་བཟང་པོ་ཉམས་པ་སོར་ཆུད་དང༌། མི་ཉམས་གོང་འཕེལ་གྱི་ལམ་ནས་འཛིན་སྐྱོང་སྤེལ་གྱི་བྱ་གཞག་ཁྲོད་རླབས་ཆེན་གྱི་མཛད་བཟང་སྐྱོང་ཐུབ་པར་འབད་བརྩོན་གནང་གལ་ཤིན་ཏུ་ཆེ་བ་བཅས་རེ་ཞིག་འདི་ཙམ་ལགས་སོ།། །།རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་བྲིས་པའོ།།

Read this page in: inསྐད།

More pages about བོད་ཀྱི་ཐུན་མོང་མ་ཡིན་པའི་གར་འཆམ་སྒྱུ་རྩལ་གྱི་བྱུང་འཕེལ་དང༌།: