བཞུགས་སྒར་དྷ་རམ་ས་ལ། གཙུག་ལག་ཁང་།

བཞུགས་སྒར་དྷ་རམ་ས་ལ། གཙུག་ལག་ཁང་།

བཞུགས་སྒར་དྷ་རམ་ས་ལ། གཙུག་ལག་ཁང་།

༄༅། །རྒྱ་གར་ཧི་མ་ཅལ་མངའ་སྡེ་དྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་རྟེན་དང༌། བརྟེན་པར་བཅས་པའི་ལོ་རྒྱུས་དཀར་ཆག་དད་གསུམ་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས། དྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་འབོད་པའི་ས་གནས་འདིར། གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཞེངས་པའི་རྒྱུ་མཚན་རགས་རིམ་བཀོད་པར། རྒྱུ་རྐྱེན་ནི། འགྲོ་བ་མིས་མཚོན་པའི་སེམས་ཅན་ཡིན་ནོ་ཅོག་བདེ་བ་འདོད་པ་དང༌། སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་ལ། བདེ་སྡུག་གཉིས་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བས་བདེ་བ་འདོད་པས་དེའི་རྒྱུ་སྒྲུབ་དགོས་པ་དང༌། སྡུག་བསྔལ་མི་འདོད་པས་དེའི་རྒྱུ་སྤོངས་དགོས་ཤིང༌། བདེ་སྡུག་གི་མཐར་ཐུག་པའི་གཙོ་བོའི་རྒྱུ་རྐྱེན་སེམས་དུལ་མ་དུལ་འདི་ལ་ཐུག་པས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པས་སེམས་འདུལ་བའི་ཐབས་ལ་འབད་དགོས།

སེམས་འདུལ་བའི་ཐབས་ཤེས་སྔོན་གྱི་སྐྱེས་བུ་དམ་པ་མང་པོས་རྣམ་གྲངས་དུ་མ་བསྟན་ཡོད་པའི་ནང་ཚན། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་འདི་རྒྱ་ཆེ་བ་དང༌། གཞི་ལམ་འབྲས་བུའི་རྣམ་གཞག་ཐམས་ཅད་རྒྱུ་མཚན་ཡང་དག་པའི་ལམ་ནས་བསྟན་དུ་ཡོད་པ་ཡིན་ཅིང༌། ཆོས་འདི་བྱུང་ནས་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་འདས་རུང༌། ད་ལྟའང་འཛམ་གླིང་འདིར་ནང་པ་དུང་ཕྱུར་ལྔ་ཙམ་ཡོད་པ་ཡིན།
སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་པས། གཞི་བདེན་པ་གཉིས་དང༌། བདེན་པ་བཞི་ལ་བརྟེན་ནས། ཐབས་ཤེས་ཟུང་སྦྲེལ་གྱི་ལམ་བརྒྱུད། འབྲས་བུ་བྱང་ཆུབ་མངོན་དུ་བྱ་དགོས་པ་ཡིན་ལ། དེ་ལྟ་བུའི་ཚུལ་རྣམས་སྒྲུབ་པ་ལ་ཤེས་དགོས་པས། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ན། མཐོང་ཐོས་དྲན་རེག་གིས་སེམས་ཅན་མང་པོར་དགེ་བའི་བག་ཆགས་གསར་དུ་འཇོག་པ་དང༌། བག་ཆགས་སད་པར་བྱེད་པ་དང༌། དྲན་པ་གསོ་བའི་རྐྱེན་དུ་བྱེད་པ་སོགས་སྤྱིར་འཕྲལ་ཡུན་གྱི་དགོས་པ་མང་པོ་ཡོད།

བྱེ་བྲག་ཏུ་བོད་ཁ་བ་ཅན་པའི་ལྷ་སྐལ་ྋརྒྱལ་ཀུན་སྙིང་རྗེའི་རང་གཟུགས་མགོན་པོ་ཐུགས་རྗེ་ཆེན་པོའི་སྣང་བརྙན་འཕགས་པ་རང་བྱུང་ལྔ་ལྡན་དུ་གྲགས་པ་ལྷ་སའི་གཙུག་ལག་ཁང་གི་རྟེན་གཙོའི་གྲས་སུ་བཞུགས་པ་ཕྱི་ལོ་ ༡༩༦༦ ལོར་སྟོར་བཤིགས་སོང་བའི་དབུ་ཞལ་འཐོར་གྱར་རྒྱ་གར་དུ་ཕེབས་པ་ནང་གཟུངས་སྙིང་པོར་བཞུགས་པའི་འཕགས་པའི་སྐུ་བརྙན་ཞིག་བཞེངས་པར་སྤྲོ་ཞིང༌། སྐུ་བརྙན་བཞུགས་ཡུལ་ཡང་གཙུག་ལག་ཁང་ཀུན་གྱིས་མཇལ་མཆོད་བྱ་ཡུལ་ཞིག་མེད་ཐབས་མེད་པ་དང༌། ཁུལ་འདིར་ཆོས་ཀྱི་འཆད་ཉན་བྱ་ཡུལ་ཁང་ཁུངས་ཕྲན་བུ་ཆེ་བ་ཞིག་དགོས་མཁོ་ཆེ་བ་བཅས་ལ་བརྟེན་ཕྱི་ལོ་ ༡༩༦༩ ལོར་བོད་རབ་བྱུང་བཅུ་དྲུག་པའི་ས་བྱ་ལོར་གཙུག་ལག་ཁང་འདི་བཞིན་གསར་དུ་བཞེངས་བསྐྲུན་བགྱིས་པའོ།།

སྐུ་རྟེན་སྐོར།

སྟོན་པ་ཐུབ་པའི་དབང་པོ།

སྟོན་པ་ཐུབ་པའི་དབང་པོ།

རྟེན་གྱི་གཙོ་བོར། བསྐལ་པ་བཟང་པོ་འདིར་སངས་རྒྱས་མཆོག་གི་སྤྲུལ་སྐུའི་རྣམ་ཅན་སྟོང་རྩ་གཅིག་བྱོན་དང་འབྱོན་རྒྱུའི་རྣམ་འདྲེན་བཞི་པ། ཇི་སྐད་དུ་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས། གང་གིས་ཐུགས་བརྩེས་ཉེར་བཟུངས་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། ། དམ་པའི་ཆོས་ནི་སྟོན་མཛད་པའི། །གོ་ཏམ་དེ་ལ་ཕྱག་འཚལ་ལོ། ། ཞེས་གསུངས་པ་ལྟར་གྱི་རྟེན་འབྱུང་རང་དབང་དུ་འདོམས་པའི་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་པད་སྦྲགས་ཀྱི་སྐུ་ཚད་ལ་ཕི་ཀྲི་དགུ་ལྷག་ཙམ་ཡོད་པ་སྐུ་རྒྱུ་ཟངས་ཚ་གསེར་ཅན་བཟོ་བཀོད་ཚད་མཐུན་བྱོན་གཙང་གསར་བཞེངས་གཙང་ཁང་དབུས་སུ་བཞུགས་སུ་གསོལ་ཡོད། སྔར་བོད་རྗེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལྷ་སྲིན་མ་རུངས་པ་དག་བཏུལ་ཏེ་བསྟན་པའི་རྨངས་འཛུགས་པའི་གྲོགས་དན་མཛད་པའི་ཐུགས་བསྐྱེད་འཕྲིན་ལས་ཐུན་མོང་མ་ཡིན་པ་མངའ་བ་ཙམ་དུ་མ་ཟད། ྋརྒྱལ་མཆོག་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས།
གུ་རུ་རིན་པོ་ཆེ།

གུ་རུ་རིན་པོ་ཆེ།

རིག་འཛིན་གྲུབ་པའི་དབང་ཕྱུག་པདྨ་འབྱུང༌། །
ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་མར་མེ་མཛད། །
རྡོ་རྗེ་འཆང་དབང་བློ་བཟང་གྲགས་པའི་དཔལ། །
སྣ་ཚོགས་སྤྲུལ་པའི་གར་མཛད་དེ་ལ་འདུད། །

ཅེས་གསུངས་པ་དང༌། ཕྱོགས་མཚུངས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་ཀྱང༌།
སྔོན་གྱི་དུས་སུ་གྱུར་པ་ན། །རིག་འཛིན་པདྨ་འབྱུང་གནས་ཏེ། །
དེ་ནས་དཔལ་ལྡན་མར་མེ་མཛད། །དེང་སང་དུས་ཀྱི་ཐ་མ་ལ། །
བློ་བཟང་རྒྱལ་བ་ཀུན་གྱི་ཡབ། །སྣ་ཚོགས་སྤྲུལ་པའི་ཟློས་གར་གྱིས། །
མཁས་དང་གྲུབ་པའི་རྣམ་པར་རོལ། །

ཞེས་གསུངས་པ་ལྟར། གངས་ཅན་གྱི་ལྗོངས་སུ་སྔ་ཕྱིར་སྤྲུལ་པའི་རོལ་གར་སྣ་ཚོགས་པའི་སྒོ་ནས་བསྟན་འགྲོའི་བདེ་དོན་རླབས་པོ་ཆེ་མཛད་པའི་བཀའ་དྲིན་མཆོག་ཏུ་ཆེ་བ་དང༌། དེང་གི་སྐབས་སུ་ཡང༌། བོད་ལྗོངས་ཀླ་ཀློས་དབང་དུ་སྒྱུར་བཞིན་པའི་མི་དང་མི་མིན་མ་རུངས་པའི་བསམ་སྦྱོར་ངན་པ་བྱེ་མའི་འཆང་བུ་ལྟར་རང་ཞིག་ཏུ་གཏོང་བའི་ཐུགས་རྗེ་དང་འཕྲིན་ལས་བསྐུལ་བའི་སླད་དུ། ཟངས་ཚ་གསེར་མའི་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་བརྙན་གསར་བཞེངས་ནང་གཟུངས་སྤྱི་ལྟར་ཐོག གུ་རུའི་སྐུ་བརྙན་འབུམ་ཕྲག་ལྷག་ངེས་ཅན་གཙང་ཁང་ནུབ་མར་ཞལ་བོད་ཕྱོགས་ཤར་གཟིགས་ཀྱིས་བཞུགས་སུ་གསོལ་ཡོད།

དངུལ་སྐུ་ཐུགས་རྗེ་ཆེན་པོའི་གནས་ལུགས།

སྔར་བོད་རྗེ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བཞེངས་ཤིང༌། ལྷ་ལྡན་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་གཙང་ཁང་བྱང་མར་བཞུགས་སུ་གསོལ་ནས་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་རིང་བོད་ལྗོངས་སྐྱེ་འགྲོའི་མཆོད་ཡུལ་བསོད་ནམས་ཀྱི་ཞིང་དུ་ཉམས་ཆག་འཕོ་འགྱུར་བྱུང་མ་མྱོང་བར་བཞུགས་པའི་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་ཞེས་སྲིད་ན་རྙེད་དཀའི་སྐུ་རྟེན་བྱིན་རླབས་ཅན་ཡོངས་གྲགས་དེ་བཞིན། བར་སྐབས་བོད་ལྗོངས་བཙན་འཕྲོག་མ་བདག་བདག་བཟུང་བྱེད་པོ་རྒྱ་དམར་གུང་བྲན་གྱི་གཙོ་བོ་དག་ལ་ཤེས་རིག་གནས་བརྗེར་འབོད་པ་ལོག་པའི་བློ་གྲོས་ཤར་ཏེ་སྔར་གྱི་རིག་གཞུང་དང༌། རྟེན་གསུམ་ཡོངས་རྫོགས་རྩ་མེད་དུ་གཏོང་བའི་ཀླ་ཀློའི་སྤྱོད་ཚུལ་ཤིན་ཏུ་ཐ་ཆད་པ་ལྷུར་བླངས་ཏེ་ ༡༩༦༦ ལོར་གཙུག་ལག་ཁང་གི་སྐུ་གསུང་ཐུགས་རྟེན་རྣམས་སྟོར་བཤིགས་སོང་བའི་སྐུ་ཚལ་བོད་མི་གཅིག་ནས་གཅིག་ཏུ་བརྒྱུད་དེ། འཕགས་པ་རང་བྱུང་ལྔ་ལྡན་གྱི་ཞི་ཞལ་གཅིག་དང༌། ཁྲོ་ཞལ་གཅིག ༡༩༦༧ ལོ་འགོར་བལ་ཡུལ་བརྒྱུད་རྒྱ་གར་དུ་གདན་དྲངས་པ་དང༌། ཡང༌། ཁྲོ་ཞལ་གཞན་གཅིག་དང༌། འོད་དཔག་མེད་ཀྱི་དབུ་ཞལ་བཅས་ ༡༩༦༨ ལོར་གོང་བཞིན་བལ་ཡུལ་བརྒྱུད་རྒྱ་གར་དུ་གདན་དྲངས་ཕེབས་འབྱོར་བྱུང༌།

དེ་ལྟར་སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོས་བཞེངས་པའི་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་སྐུ་དངོས་ད་ཆ་རང་རེས་མངོན་སུམ་དབང་པོའི་སྤྱོད་ཡུལ་དུ་མཇལ་རྒྱུའི་བསོད་ནམས་ཀྱི་སྐལ་བས་ཕོངས་ཀྱང༌། དབུ་ཞལ་ཁག་རྒྱ་གར་དུ་གདན་ཞུས་རྣམས་ནང་གཟུངས་སྙིང་པོར་བཞུགས་པའི་ཐུགས་རྗེ་ཆེན་པོའི་སྐུ་བརྙན་རང་བྱུང་ལྔ་ལྡན་གྱི་སྐུ་ཚབ་ཏུ་བྱས་ཆོག་པ་ཞིག་བཞེངས་བསྐྲུན་ཐུབ་ན། འཕགས་མཆོག་ཐུགས་རྗེ་ཆེན་པོས་བོད་གངས་ཅན་གྱི་སེམས་ཅན་རྣམས་གདུལ་བྱར་བཟུང་བའི་ཐུགས་བསྐྱེད་ཐུན་མོང་མ་ཡིན་པའི་རྟེན་འབྲེལ་ལས། བོད་འབངས་སྐྱེ་འགྲོའི་འཕྲལ་ཡུན་གྱི་འདོད་དོན་འགྲུབ་པའི་དགོས་པ་དགེ་མཚན་དུ་འགྱུར་ངེས་སྙམ་པའི་ལྷག་བསམ་གྱིས་ཀུན་ནས་བླངས་ཏེ། སྐུ་རྒྱུ་དངུལ་དཀར་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་གི་སྐུ་བརྙན་པད་སྦྲགས་སྐུ་ཚད་ལ་ཕི་ཀྲི་བཅུ་གསུམ་ལྷག་ཙམ་ཡོད་པ་འདི་བཞིན་ཕྱི་ལོ་ ༡༩༧༠ བོད་ལྕགས་ཁྱི་ལོར་གསར་དུ་བཞེངས་ཤིང༌། གཟུངས་ཀྱི་རིམ་པ་བྱིངས་རྣམས་གཞུང་ནས་བཤད་པ་ཇི་ལྟ་བའི་ཐོག་ལ། དབུའི་ནང་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་དབུ་ཞལ་གསུམ་བཞུགས་སུ་གསོལ་ཡོད་པས། དད་ལྡན་རྣམས་ནས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་དང་ངོ་བོ་དབྱེར་མེད་དུ་མོས་ནས་ཕྱག་མཆོད་གསོལ་འདེབས་བགྱིས་འོས་པ་ཡིན། དེ་ལྟའི་ཐུགས་རྗེ་ཆེན་པོའི་དངུལ་སྐུ་འདི་བཞིན་རེ་ཞིག་གཙུག་ལག་ཁང་འདིར་བཞུགས་སུ་གསོལ་ནས་རྗེས་སུ་བོད་གངས་ཅན་ལྗོངས་སུ་གདན་འདྲེན་ཞུ་རྒྱུ་ཡིན་པས་དེའི་རྟེན་འབྲེལ་སླད་དུ་ཞལ་བོད་ཕྱོགས་ཤར་གཟིགས་ཀྱིས་བཞུགས་སུ་གསོལ་ཡོད།

དེ་ལྟར་སྐུ་རྟེན་སྟོན་མཆོག་ཐུབ་པའི་དབང་པོ་དང༌། འཕགས་མཆོག་འཇིག་རྟེན་དབང་ཕྱུག གུ་རུ་སྣང་སྲིད་ཟིལ་གནོན། གསུང་རྟེན་ྋརྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པོད་བརྒྱ་ཐམ་པ་དང༌། བསྟན་འགྱུར་རིན་པོ་ཆེ་པོད་ཉིས་བརྒྱ་ཉི་ཤུ་རྩ་ལྔ། ཐུགས་རྟེན་ཟངས་ཚྭ་གསེར་མའི་མཆོད་རྟེན་ཆེ་ཆུང་དང༌། རྒྱ་གར་ལི་མ་ཁག་སོགས་རྟེན་དང་བརྟེན་པར་བཅས་པ་འདི་དག་སྐྱེ་རྒུའི་བསོད་ནམས་ཀྱི་ཞིང་མཆོག་ཏུ་སྲིད་མཐར་བརྟན་པར་བཞུགས་ཤིང༌། མཐོང་ཐོས་དྲན་རེག་གི་འགྲོ་ཀུན་སྨིན་གྲོལ་གྱི་དཔལ་ལ་འགོད་སླད། གསང་སྔགས་བླ་མེད་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་བར་རབ་ཏུ་གནས་པའི་ཆོ་ག་དགེ་ལེགས་རྒྱ་མཚོའི་ཆར་འབེབས་ཀྱང་རྒྱས་པར་བགྱིས་ཏེ་དམ་ཡེ་དབྱེར་མེད་དུ་བསྒྲུབས་པ་ལགས།

གཙུག་ལག་ཁང་འདིའི་ཨར་ལས་སུ་ཧིན་བོད་རྡོ་ཤིང་མི་གྲངས་ ༣༠ སྐོར་དང༌། དམངས་འུལ་བོད་མི་ཁེ་གཙང་མི་གྲངས་ ༧༠། ༨༠ སྐོར་བཅས་ནས་ལས་རྒྱུན་ཟླ་བ་བདུན་གྱི་ཁོངས་ཡོངས་སུ་བསྒྲུབས། ཕྱི་ནང་བཟོ་བཀོད་མཛེས་ཆ་སོགས་རྒྱས་གཤོམས་སྤྲོས་པ་དོར་ཏེ་མཁོ་བེད་གང་ཆེ་ཡོང་ཐབས་གཙོ་བཟུང་བྱས། སྲ་བརྟན་ཕུགས་འཕེར་ཡོང་བར་དམིགས་ཏེ་ལྕགས་དང༌། འབི་ལར་ས་གཏོང་ཁུངས་ཁག་ལྷུག་པར་བཏང་བས། དོན་སྙིང་གཙུག་ལག་ཁང་འདིར་ས་རྡོ་ཤིང་ལྕགས་སོགས་རྒྱུ་འགྲོའི་རིགས་དང༌། ལས་མིའི་གླ་ཕོགས་སོགས་འགྲོ་གྲོན་ཁག་ཁྱོན་གཅིག་ཏུ་བསྡོམས་པར་ཧིན་སྒོར་ཉིས་འབུམ་བརྒལ་ཙམ་སོང༌།

རྟེན་བཞེངས་བཟོ་ལས་པ་འགོ་བྱིངས་མི་བདུན་ནས་ལས་རྒྱུན་ལོ་གཅིག་དང་ཟླ་བ་དགུའི་ཁོང་གོང་གསལ་སྐུ་རྟེན་རྣམ་གསུམ་བཞེངས་བསྐྲུན་ལེགས་པར་ཞུས་ཤིང༌། སྐུ་རྒྱུ། གསེར། དངུལ། ཟངས། དངུལ་ཆུ། སྐུ་རྒྱན་ཁོངས་ཕ་ལམ་གྱིས་གཙོས་པའི་འཕྲ་རིགས། མུ་ཏིག གཡུ་བྱུར། གཟི། བཟོ་པའི་ལས་གླ། ཟུར་གསོས་སོགས་འགྲོ་ཆ་ཡོངས་རྫོགས་རགས་བརྩིས་ཀྱིས་བསྡོམས་པར་ཧིན་སྒོར་འབུམ་གསུམ་ལྷག་བསམ་སོང་འདུག

སྣོད་ཀྱི་བཀོད་པ་གཙུག་ལག་ཁང་དང༌། བཅུད་ཀྱི་སྐུ་རྟེན་ཁག་བཅས་གསར་བཞེངས་འགྲོ་ཆ་ཁྱོན་བསྡོམས་ཧིན་སྒོར་ལྔ་འབུམ་ལྷག་ཙམ་སོང་བའི་ཁོངས་སུ། གཙུག་ལག་ཁང་དང༌། རྟེན་བཞེངས་རང་ལ་ཆེད་དམིགས་ཞལ་འདེབས་དངུལ་དངོས་ཕུལ་འབྱོར་བྱུང་བ་ཁྱོན་བསྡོམས་ཧིན་སྒོར་ ༢༡༣༩༠༠། ཟིན་པ་སྨིན་གཏོང་ཐོག ཁ་ལོངས་ཧིན་སྒོར་ ༢༨༦༡༠༠། དགོས་པ་འདི་གར་གཞིས་བྱེས་བོད་མི་འདས་གསོན་ཁག་གི་ཆེད་དུ་སྐྱབས་ཞུ་དངུལ་དངོས་རིམ་འབྱོར་བྱུང་བ་རྣམས་སྨིན་གཏོང་བྱས་ཡོད།

དེ་ལྟར་གནས་འདིར་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཞེངས་ཏེ་རྣམ་དཀར་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་ཅིག་འདུ་བྱས་པ་འདིས་མཚོན་བདག་གཞན་དུས་གསུམ་གྱི་དགེ་རྩ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས། རྒྱུ་སྦྱོར་བ་འདས་གསོན་འབྲེལ་ལྟོས་བཅས་པ་རྣམས་དང༌། ཨར་ལས་རྟེན་བཞེངས་དོ་དམ་ལས་བྱེད་རྡོ་ཤིང་དམངས་འུལ་སོགས་ཚུལ་འདིར་སྒོ་གསུམ་ངལ་འཁུར་དང་ལེན་བྱེད་པོ་རྣམས་ཀྱིས་མཚོན། མཐོང་ཐོས་དྲན་རེག་གི་འགྲོ་བ་མཐའ་དག་ཚེ་རབས་ཀུན་ཏུ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གིས་རྗེས་སུ་བཟུངས། ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་དང༌། རིམ་གཉིས་ལམ་གྱི་བགྲོད་པ་མྱུར་དུ་རྫོགས་ནས་སྟོབས་བཅུ་ཡེ་ཤེས་ལྔ་ལྡན་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་བ་ཉིད་དུ་ཐོབ་པ་དང༌། བོད་གངས་ཅན་གྱི་མི་རྣམས་རྒྱ་དམར་ཀླ་ཀློའི་བཙན་དབང་ཚེ་གཡོག་ལས་མྱུར་དུ་གྲོལ་ཏེ་འགྲོ་བ་མིའི་རིགས་གཞན་དག་དང་སྐལ་མཉམ་རང་དབང་གི་དགའ་སྟོན་ལ་སྤྱོད་ཐུབ་པ། འཇིག་རྟེན་ཀུན་ཏུ་ནད་མུག་འཁྲུག་རྩོད་སོགས་མི་མཐུན་རྒུད་ཚོགས་ཞི་ཞིང༌། འགྲོ་ཀུན་མཛའ་གཅུགས་བདེ་སྐྱིད་ཀྱི་འཚོ་བ་བཟང་པོར་སྤྱོད་པ་བཅས་ཀྱི་བསྔོ་སྨོན་མཚམས་སྦྱོར་ཤུགས་དྲག་ཏུ་བགྱིས་ཡོད་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག

ཅེས་པའི་ལོ་རྒྱུས་དྲན་རྟེན་དཀར་ཆག་དང༌། སྨོན་ཚིག་ཆབས་ཅིག་ཏུ། ཏཱ་ལའི་བླ་མའི་སྐུ་ཕྲེང་བཅུ་བཞི་པར་འབོད་པ། ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས། གནས་བརྟན་སྡེ་པའི་ལུགས་ཀྱི་སངས་རྒྱས་གཤེགས་ལོ་ ༢༥༡༥ ཕྱི་ལོ་ ༡༩༧༠ བོད་རྗེ་གཉའ་ཁྲི་བཙན་པོ་བྱོན་ནས་བོད་ཀྱི་ཆབ་སྲིད་དབུ་བརྙེས་ཀྱི་ལོ་ ༢༠༩༧ རབ་བྱུང་བཅུ་དྲུག་པའི་ལྕགས་ཁྱི། ཟླ་བ་ ༡༠ ཚེས་ ༡༥ བཟང་པོར་བྲིས།། །།

Read this page in: inསྐད།