དཔལ་གསང་བ་འདུས་པ།

རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་སྒྲུབ་མཆོད་ཆེན་མོ།

༈ རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་འདུས་སྡེ་རྣམས་ནས་རྒྱུན་གྱི་ཉམས་བཞེས་སུ་མཛད་བཞིན་པ་ཡི་དམ་གསང་བདེ་འཇིགས་གསུམ་གྱི་ཆོ་ག་ཕྱག་ལེན་རྣམས་༸རྒྱལ་མཆོག་བདུན་པ་ཆེན་པོས་༼༡༧༠༨། ༡༧༥༨༽ གྲྭ་ཚང་འདི་ཉིད་དུ་གསར་བཙུགས་བཀའ་དྲིན་བསྐྱངས་ཤིང་། གསང་བདེ་འཇིགས་གསུམ་གྱི་བླ་བརྒྱུད་གསོལ་འདེབས་དང་། བདག་མདུན་བུམ་གསུམ། སྨོན་ལམ་ཤིས་བརྗོད། ཞི་རྒྱས་ཀྱི་སྦྱིན་སྲེག ཚོགས་འཁོར། ས་ཆོག ཐིག་ཚོན་སོགས་ཀྱི་འདོན་ཆོག་རྣམས་ནི་བཀྲ་ཤིས་ལྷུན་པོ་རྒྱུད་པ་གྲྭ་ཚང་གི་འདོན་རྒྱུན་ལ་རྗེ་ཐམས་ཅད་མཁྱེན་པས་ཞུས་དག་པར་མཛད་པ་དེ་ཉིད་ལགས།
ཡི་དམ་གསང་བདེ་གསུམ་གྱི་ནང་ཚན་ལས་ལོ་ལྟར་ས་ཟླའི་ཚེས་བཅོ་ལྔའི་ཉིན་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་གཟིགས་པ་ལྔ་ལ་གཟིགས་ནས་འཇིག་རྟེན་གྱི་ཁམས་འདིར་སྐུ་བལྟམས་པ་དང་། ཞི་བ་མྱ་ངན་ལས་འདས་ཀྱི་ས་ལ་མངོན་པར་རྫོགས་པའི་སངས་རྒྱས་པ། གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་ཁྱད་པར་ཅན་གསུམ་འཛོམས་དང་སྟབས་བསྟུན་བདུན་ཕྲག་གཅིག་རིང་གྲྭ་ཚང་འདི་ཉིད་ནས་བླ་མེད་ཕ་རྒྱུད་ཀྱི་ལམ་དང་འབྲས་བུ་གསང་བའི་གནད་ཐམས་ཅད་འདུས་པ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་ས་ཆོག་དང་། སྒྲུབ་མཆོད་དངོས་གཞི། ཆད་ལྷག་ཁ་སྐོང་གི་སྦྱིན་སྲེག འཇིག་རྟེན་གྱི་ཁམས་སུ་བདེ་ལེགས་འབྱུང་བ་དང་། ཀླུ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་ལེགས་པར་བསྒྲུབས་པའི་དཀྱིལ་འཁོར་གྱི་རྡུལ་མཚོན་ཆུ་བོར་སྤྱན་འདྲེན་པའི་ཀླུ་ཡི་ཆོ་ག་དང་བཅས་པ་སྦྱོར་དངོས་མཇུག་གསུམ་ཐུགས་སྨོན་མཚམས་སྦྱོར་གྱིས་བརྒྱན་ཏེ་གནད་སྨིན་འབད་སྒྲུབ་ལེགས་པར་ཟིན་པའི།

Read this page in: inསྐད།