དཔལ་ཆེན་རྡོ་རྗེ་ཕུར་པ།

༄༅།། ལྷག་པའི་ལྷ་མཆོག་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་པ་ཆེན་མོ་བྱ་ཚུལ་གྱི་ཆོ་གའི་བྱུང་བ་མདོ་ཙམ་བརྗོད་པ།།

དེ་ལ་འདིར་རང་ཅག་ཁ་བ་རི་པ་རྣམས་ལ་ཐུགས་རྗེ་དང་བཀའ་དྲིན་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་འཕགས་མཆོག་རིགས་གསུམ་མགོན་པོའི་རྣམ་སྤྲུལ་མཁན་སློབ་ཆོས་གསུམ་གྱི་ནང་ཚན་སློབ་དཔོན་ཆེན་པོས་བསམ་ཡས་མཆིམས་ཕུར་བདེ་འདུས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ཞིང་། རིན་པོ་ཆེ་ལྟ་བུའི་གདུལ་བྱ་རྗེ་འབངས་ཉེར་ལྔ་སྨིན་གྲོལ་ལ་བཀོད། ཕྱི་རབས་ཀྱི་དོན་དུ་ཆོས་ནོར་སྨན་སྔགས་སོགས་གཏེར་བྱེ་བ་ཞིན་སྦས། ལས་ཅན་གྱི་སྐྱེ་བུ་རྣམས་ཀྱིས་རིམ་པར་འདོན་པའི་ཐུགས་སྨོན་དང་བཅས་གཏེར་གྱི་ཁ་བྱང་བཏབ་པའི་ནང་ཚན་རྫོངས་ཤོད་བདེ་འདུས་ཕོ་བྲང་ནས་སྤྱན་དྲངས་པའི་དཔལ་ཆེན་པོའི་འཔྲིན་ལས་ཀྱི་རིམ་པ་ལས་རབ་གླིང་པས་དག་པར་ཕབ་པ་མང་དུ་མཆིས་པ་ལས་ལག་ལེན་གྱི་སྙིང་པོ་སྒྲིལ་བ་འདི་ཡང་དུས་དབང་གི་སྐབས་སུ་བབས་པ་ཚད་མར་གྲུབ་པའི་ལུང་བསྟན་རྣམས་སུ་གསལ་བ་ལྟར་དང་། སྤྲུལ་པའི་གཏེར་ཆེན་རྒྱ་མཚོའི་འཁོར་ལོས་བསྒྱུར་བ་རྡེ་རྗེ་འཆང་པདྨ་གར་དབང་འཕྲིན་ལས་འགྲོ་འདུལ་རྩལ་ལ་རྫོངས་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དང་། བུ་རྒོད་བྲག་ནས་གཏེར་གྱི་སྲུང་མས་དངོས་སུ་ཕུལ་བའི་རིན་པོ་ཆེའི་ཤོག་གསེར་ཙཱ་འདྲ་རིན་སེན་ལས་༸རྗེ་ཀུན་མཁྱེན་བླ་མའི་གཟིམ་ཤག་གྲུབ་གཉིས་ཡོངས་འདུ་རྟག་བརྟན་དགའ་བའི་དགའ་ཚལ་ཆེན་པོ་དང་། སྐལ་བཟང་ལས་རབ་གླིང་པས་ཀོང་པོ་བུ་ཆུ་ལྷ་ཁང་དང་། ལྷ་ལྡན་ནོར་གླིང་སྐྱེད་ཚལ་སོགས་སུ་དག་པར་ཕབ་པ་དང་། ཆོས་ཕྱོགས་ནས་དཔལ་ཆེན་རྡོ་རྗེ་ཕུར་བའི་ཆོས་སྒོ་འདི་ཉིད་འཕྲིན་ལས་བཀའ་བབས་ཀྱིས་༸གོང་ས་ལྔ་བ་ཆེན་པོའི་སྐབས་སུ་ཐུགས་ཉམས་སུ་བཞེས་པ་དང་། དུས་བབས་བསྟན་འགྲོར་སྨན་པའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་༸གོས་ས་བཀའ་དྲིན་ཟླ་མེད་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་མཆོག་གིས་ཀྱང་གཏེར་བཏོན་བསོད་རྒྱལ་ལ་བཀའ་ཕབ་ཕུར་པ་ཡང་སྙིང་སྤུ་གྲིའི་སྒོ་ནས་བདུད་རྩི་སྨན་སྒྲུབ་སྐོར་དང་། གཏོར་འཕེན་སོགས་ཀྱི་ལས་ཚོགས་ཀྱི་ཆོས་སྒོ་འདི་དག་གཅེས་བཞེས་མཛད་དེ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་དུ་གསར་འཛུགས་མཛད་ཅིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་འཕགས་ཡུལ་དུ་ཆིབས་ཞལ་བསྒྱུར་ཏེ་སྐྱེ་འགྲོའི་བདེ་སྐྱིད་ཀྱི་རྩ་བ་རྒྱལ་བསྟན་ཆབ་སྲིད་དང་བཅས་པ་སླར་གསོའི་མཛད་འཕྲིན་ཐབས་ཤེས་རླབས་པོ་ཆེ་མཛད་བཞིན་པ་དང་བཅས་གྲྭ་ཚང་དང་བཅས་པས་ཆོས་སྒོ་འདི་ཉིད་ཀྱི་ཕྱག་བཞེས་མི་ཉམས་རྒྱུན་འཛིན་གྱི་སྒོ་ནས་བསྟན་སྲིད་ཀྱི་ཞབས་འདེགས་མི་དམན་པ་བསྒྲུབས་དང་སྒྲུབ་བཞིན་པ་འདི་ལྟར་ཡིན།
ལྷག་པའི་ལྷ་མཆོག་བཅོམ་ལྡན་འདས་དཔལ་ཆེན་རྡེ་རྗེའི་གཞོན་ནུའི་སྒོ་ནས་ལོ་ལྟར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྡུལ་མཚོན་དཀྱིལ་འཁོར་གྱི་སྒོ་ནས་ཕུར་པའི་སྒྲུབ་མཆོད་ཆེན་མོ་སྨིན་སྒྲུབ་ཞུ་བཞིན་པ་ལྟར་ཐོག་མར་ས་ཆོག་ཉིན་བཞི་དང་། རྒྱན་འགྲེམས་ཉིན་གཅིག ཕུར་པའི་སྒྲུབ་མཆོད་དང་། དཔལ་ཆེན་རྡོ་རྗེའི་གཞོན་ནུའི་རབ་གནས་སྟ་གོན་དངོས་གཞི་གཏང་རག་དང་བཅས་པ་དང་། དེ་རྗེས་ཕུར་པ་ཡང་སྙིང་སྤུ་གྲིའི་སྒོ་ནས་བདུད་རྩི་སྨན་སྒྲུབ་སྟེ། དེ་ཡང་སྐམ་སྒྲུབ་ཉིན་གསུམ་དང་། འཐག་འཚག་སྦོལ་གསུམ་ཉིན་གཅིག རློན་སྒྲུབ་ཉིན་གསུམ་དང་། སྒྲུབ་མཆོད་སྐབས་ཉིན་ལྟར་ཕུར་པའི་རྩ་འཆམ་འཁྲབ་པ་དང་། མཇུག་མཐར་སྦྱིན་སྲེག་དང་། དོངས་གྲུབ་ལེན་ཆོག རྡུལ་ཚོན་དཀྱིལ་འཁོར་ཆུ་བཤམས་ཀླུ་ཆོག་དང་བཅས་པ་གངས་ལྗོངས་བསྟན་སྲིད་ཀྱི་དོན་ཆེད་སླད་ལོ་ལྟར་སྨིན་སྒྲུབ་ཞུ་བཞིན་པ་བཅས་སོ།

Read this page in: inསྐད།