བོད་ཁྱིམ་སློབ་གྲྭ། དགེ་འཕེལ་བྱང་ཆུབ་གླིང་།

དགེ་འཕེལ་བྱང་ཆུབ་ཆོས་གླིང་།

དྷ་སྟེང་བོད་ཁྱིམ་དགེ་འཕེལ་བྱང་ཆུབ་ཆོས་གླིང་ནི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཡན་ལག་ཅིག་ཡིན་པ་དང་། དེ་ནི་གཙོ་བོ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ན་གཞོན་སློབ་གཉེར་པ་རྣམས་ལ་དེང་དུས་ཀྱི་ཤེས་ཡོན་དགོས་གལ་ཆེ་བའི་བཀའ་སློབ་ཕེབས་དོན་བཞིན་གྲྭ་ཚང་གི་ལོ་ན་ཆུང་བའི་གྲྭ་གཞོན་དེ་དག་ལ་དེང་དུས་ཀྱི་ཤེས་ཡོན་རག་ཐབས་སུ་འཛིན་རིམ་བཅུ་གཉིས་བར་དྷ་སྟེང་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་བྱེད་ཆེད་ཕྱི་ལོ་ ༢༠༠༠ ལོར་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ཁྱིམ་ཚང་འདིའི་མཚན་ཡང་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་མཚན་འདོགས་གནང་བ་ཞིག་ཡིན།

སློབ་ཕྲུག་དེ་དག་འཛིན་གྲྭར་བསྐྱོད་དུས་སློབ་ཕྲུག་གཞན་ལྟར་སློབ་གྲྭའི་སྒྲིག་ཆས་མ་གྱོན་པར་གྲྭ་ཆས་ན་བཟའ་གྱོན་ཏེ་འཛིན་གྲྭར་འགྲོ་བཞིན་ཡོད་སྟབས། དེས་རང་ཉིད་གྲྭ་པ་ཞིག་ཡིན་སྙམ་པའི་འདུ་ཤེས་ཀྱིས་རྒྱབ་ན་བྲལ་མེད་དུ་ལྟ་རྟོག་བྱེད་མཁན་གྱི་དགེ་རྒན་ཞིག་ཡོད་མེད་ལ་མ་ལྟོས་པར་རང་ཉིད་ཀྱི་ཀུན་སྤྱོད་ལ་རང་ཉིད་ཀྱིས་དོ་དན་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོད།

འོན་ཀྱང་སློབ་ཕྲུག་འགའ་ཞིག་ད་དུང་ལོ་ན་ཆེས་ཕྲ་བར་བརྟེན་རང་ཉིད་ལ་ལྟ་རྟོག་བྱ་ཐབས་དཀའ་བས་སློབ་གྲྭའི་འཛིན་སྐྱོང་ནས་བསྐོ་གཞག་གནང་བའི་ཁྱིམ་ཚང་ཨ་མ་ལགས་ཀྱི་རོགས་པར་གྲྭ་ཚང་གི་སྐུ་ཞབས་བགྲེས་པ་ཞིག་ཆེད་དུ་བསྐོ་གཞག་གིས་གྲྭ་གཞོན་སློབ་ཕྲུག་དེ་དག་ལ་ལྟ་རྟོག་གནང་དང་གནང་བཞིན་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པའོ། །

Read this page in: inསྐད།