རྡོ་རྗེ་གདན། འཕེལ་གླིང་།

བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་།

སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ཡན་ལག་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་ནི་མདོ་ལས་གསུངས་པའི་གནས་ཆེན་བཞི་སྟེ་ལིམྦུ་ནི། ཝ་ར་ཎཱ་སི། རྡོ་རྗེ་གདན། རྩྭ་མཆོག་གྲོང་བཅས་གནས་ཆེན་བཞིའི་ནང་ནས་བདག་ཅག་གི་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་སའི་གནས་རྡོ་རྗེ་གདན་དུ་ཆགས་ཡོད།

གནས་འདི་ནི་རྒྱ་གར་ནུབ་བྱང་མཚམས་སུ་ཡོད་པའི་བིཧཱར་མངའི་སྡེའི་ཁོངས་སུ་གཏོགས་ཤིང་། མངའ་སྡེ་དེར་རྫོང་ཁག་སུམ་ཅུ་སོ་བརྒྱད་ཡོད་པའི་ནང་ནས། ག་ཡཱ་རྫོང་གི་ཁོངས་གཏོགས་ཤིག་རེད། རྫོང་འདི་ནི་རང་ཅག་བོད་པ་བཙན་འབྱོལ་པ་རྣམས་ཀྱི་ཆབ་སྲིད་ཀྱི་ལྟེ་གནས་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱང་ཐག་ལེ་དབར་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་གྱི་ས་དང་། བདག་ཅག་གི་སྟོན་པས་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་སའི་གནས་མཆོག་ཝཱ་རཱ་ཎ་སཱི་ནས་རྒྱང་ཐག་ལེ་དབར་ཉི་བརྒྱ་བཞི་བཅུ་ཞེ་བདུན་ཙམ་གྱི་སར་ཆགས་ཡོད།

རྫོང་འདིར་གནས་སྡོད་བྱེད་མཁན་གྱི་མི་འབོར་དེ་ཕྱི་ལོ་ ༢༠༡༡ ལོའི་རྒྱ་གར་གྱི་མི་འབོར་ཞིབ་བཤེར་བྱས་པའི་སྙན་ཐོའི་ནང་གསལ་བར་གཞིགས་ན་མི་འབོར་འབུམ་བཞི་བཅུ་ཞེ་གསུམ་ལྷག་ཙམ་ཡོད་པར་འཁོད་ཡོད། དེ་ལྟར་མི་ཚོགས་ཀྱི་འཚང་ཁ་ཆེ་ཞིང་འགྲུལ་སྐྱེལ་རླངས་འཁོར་གྱི་འཁྲུག་ཆ་དོད་པའི་ག་ཡཱ་རྫོང་གི་གྲོང་ཁྱེར་ནས་རྒྱང་ཐག་ལེ་དབར་བཅུ་གཉིས་ཙམ་གྱི་ས་ན་བྷོ་དྷ་ག་ཡཱ་ཞེས་པའི་གྲོང་ཚོ་ཡིད་དུ་འོང་བ་འདི་ཡོད་ཅིང་། འདི་ནི་བདག་ཅག་གི་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་སའི་གནས་མཆོག་རྡོ་རྗེ་གདན་ཞེས་པ་དེ་ཡིན་ལ། བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་ཡང་ས་གནས་འདི་གར་ཆགས་ཡོད།

དེ་ལྟ་བུའི་གནས་ཆེན་འདིའི་ཉེ་འཁྲིས་སུ་ཆགས་པའི་བོད་དགོན་དགའ་ལྡན་འཕེལ་རྒྱལ་གླིང་ནི་བོད་ས་མ་ཤོར་བའི་གོང་སྟེ་ཕྱི་ལོ་ ༡༩༣༨ ལོར་མཁན་ཆུང་ངག་དབང་བསམ་གཏན་ལགས་ནས་གསར་བཞེངས་གནང་བ་ཞིག་ཡིན་པ་མ་ཟད། འདི་ནི་གནས་མཆོག་རྡོ་རྗེ་གདན་དུ་གསར་བཞེངས་ཞུས་པའི་བོད་ཀྱི་དགོན་པ་ཆེས་ཐོག་མ་དེ་ཡང་ཡིན།

དེ་རྗེས་ལོ་རབས་ལྔ་བཅུ་པའི་དུས་མཇུག་ཏུ་བོད་ས་ཡོངས་སུ་ཤོར་བ་དང་དུས་མཉམ་དུ་རྒྱ་གར་གྱི་ས་ཁུལ་ཁག་མང་པོར་བོད་རིགས་སྐྱབས་བཅོལ་བ་ཇེ་མང་དུ་གྱུར་བ་ལྟར། གནས་མཆོག་འདིར་ཡང་བོད་རིགས་གནས་སྐོར་བས་གཙོས་པའི་གཏན་སྡོད་བྱེད་མཁན་ཡང་ལོ་རེ་བཞིན་ཇེ་མང་དུ་གྱུར་ཡོད།

གནས་མཆོག་འདིའི་མཐའ་འཁོར་དུ་ཕྱག་འཚལ་སྐོར་སྦྱོང་ལ་བྲེལ་བའི་བོད་རིགས་གནས་སྐོར་བ་རྣམས་ཀྱི་ཡིག་དྲུག་གི་དབྱངས་རྟས་སློང་མོ་བའི་སྐད་སྒྲ་ཡང་ཁུ་སིམ་མེར་གྱུར་བའི་ལོ་རབས་དགུ་བཅུ་པའི་ལོ་མཇུག་སྟེ་ཕྱི་ལོ་ ༡༩༩༨ ལོར་དགོན་པ་འདིའི་མཁན་ཐོག་དང་པོ་འབྲས་བློ་གླིང་དབམ་དོ་སྤྲུལ་སྐུ་མཆོག་ནས་དགོན་པ་འདི་ཉིད་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ལ་རྩིས་འབུལ་ཞུས་པ་ནས་བཟུང་དགོན་པ་འདིའི་འཛིན་སྐྱོང་ཆ་ཚང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་འགན་ཁུར་བཞེས་ཏེ། ད་བར་མི་ལོ་ཧྲིལ་བོ་བཅོ་ལྔ་ཙམ་འགྲོ་བཞིན་ཡོད།

ལོ་ངོ་དེ་དག་ནང་གྲྭ་ཚང་གི་སྐུ་ཞབས་ལས་ཀྱི་སྣེ་མོར་གཏོགས་པ་ཚོས། ལྷག་པའི་བསམ་པས་ཀུན་ནས་བསླངས་ཏེ་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་ཕྱི་ནང་མི་རིགས་དབྱེ་བ་མེད་པར་འགྲུལ་འཁོར་འཛིན་བྱང་ཉོ་སྒྲུབ་སོགས་ཀྱིས་གཙོས་སྤྱི་ཚོགས་ལ་ཕན་པའི་ཞབས་ཞུ་མི་ཉུང་བ་ཞིག་བསྒྲུབས་ཡོད་ལ། འབྱུར་འགྱུར་ཡང་དད་ལྡན་གནས་སྐོར་པ་རྣམས་ལ་དེ་བཞིན་དུ་རོགས་རམ་ཞུ་རྒྱུའི་མཆོད་སེམས་ཡོད་པ་བཅས་ལོ་རྒྱུས་མདོར་བསྡུས་སུ་བཀོད་པའོ། །

Read this page in: inསྐད།