རྣམ་རྒྱལ་སྐྱིད་ཚལ།

རྣམ་རྒྱལ་སྐྱིད་ཚལ་ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ལྷོ་ཕྱོགས་སུ་གནས་པའི་སྲུང་སྐྱོབ་གྲོང་སྡེ་ཞེས་པའི་ས་ཆར་ཆགས་ཡོད་པ་དང་། གྲོང་སྡེ་འདི་ནི་དེ་སྔོན་སྲུང་དམག་རྒན་ཡོལ་དུ་ཕེབས་པ་རྣམས་ཀྱི་བཞུགས་གནས་ཤིག་ཡིན་རུང་། དུས་ཕྱིས་སུ་གྲོང་སྡེ་འདི་ཡང་སྤྱི་ཚོགས་ཀྱི་རླབས་ཤུགས་ལ་བརྟེན་ནས་རང་གི་ངོ་བོ་ལས་འདས་ཏེ། རྣམ་པ་གསར་པའི་གྲོང་སྡེ་ཆེན་པོ་ཞིག་ཏུ་གྱུར་ཡོད།

དེ་ལྟར་སྤྱི་ཚོགས་ཀྱི་རླབས་ཤུགས་ཁྲོད་ན་འགྱུར་ལྡོག་བྱུང་བཞིན་པའི་གྲོང་སྡེ་འདི། ཕྱི་ལོ་ ༡༩༦༣ ལོར་གསར་འཛུགས་གནང་ཞིང་། ཡ་མུ་ན་གཙང་པོའི་གཡས་ངོས་སུ་ཆགས་པའི་ལྡི་ལི་བོད་མིའི་གཞིས་ཆགས་མ་ཇུ་ཀ་ཊི་ལ་ནས་ལམ་ཐག་ལེ་དབར་བཅུ་བདུན་ལྷག་ཙམ་ (Kilometers 17.94) གྱི་སར་ཆགས་ཡོད་ཅིང་། ལྡི་ལི་གསར་པའི་མེ་འཁོར་འབབ་ཚུགས་ནས་བྱས་ན་རྒྱང་ཐག་ལེ་དབར་བཅུ་གཉིས་ (Kilometers 11) ཙམ་གྱི་སར་གནས་ཡོད།

དེ་ལྟར་གནས་པའི་གྲོང་སྡེ་འདི་དུས་རབས་འདིའི་མིའི་རིགས་ཀྱི་འདོད་ཐོག་ལ་རྟ་རྒྱུག་པ་ཇི་བཞིན་དངོས་པོའི་དཔལ་ཡོན་གྱི་ལྷག་རླུང་གིས་དེད་དེ། འབྱུང་འགྱུར་ལྷིང་འཇགས་བྲལ་བའི་རྐང་ལམ་ཞིག་གདམ་ཀ་མི་བྱེད་པའི་རང་དབང་དེ་བྲལ་རུང། འཁྲུག་ཆ་དོད་ལ། འདུ་འཛི་ཆེ་བའི་གྲོང་ཁྱེར་ལས་རྒྱང་ཐག་ལེ་དབར་དུ་མས་བར་དུ་ཆོད་ཡོད་པ་དེས། ག་ཚོད་མེད་ཟེར་རུང་། ཁ་ཁུ་སིམ་པའི་ལྷིང་འཇགས་ཀྱི་སྡོད་གནས་ཤིག་ཆགས་ཡོད།

དེ་ཙམ་དུ་མ་ཟད། ས་ཁུལ་འདི་ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱལ་ཡོངས་གནམ་ཐང་ནས་ལེ་དབར་བཅུ་དྲུག་ (Kilometers 16) ཙམ་ལས་མེད་པའི་ས་གནས་སུ་ཆགས་ཡོད་པས་ཕར་འགྲོ་ཚུར་འོང་བྱེད་བཞིན་པའི་འགྲུལ་བཞུད་པ་རྣམས་ལ་ཧ་ཅང་སྟབས་བདེའི་སྡོད་གནས་ཤིག་ཏུ་གྱུར་ཡོད།

དེ་ལྟ་བུའི་ཁྱད་ཡོན་དུ་མས་ཕྱུག་པའི་ས་ཁུལ་འདིར་ཆགས་པའི་རྣམ་རྒྱལ་སྐྱིད་ཚལ་ནི་ཕྱི་ལོ་ ༢༠༠༠ ལོར་གསར་ཉོ་ཞུས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ཡང་གཙོ་བོ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་མཁའ་མཉམ་སེམས་ཅན་ཡོངས་ལ་ཁྱབ་དང་ཁྱབ་བཞིན་པ་ལྟར། གྲྭ་ཚང་གི་སྐུ་ཞབས་རྣམས་ཀྱང་མགོན་པོ་གང་གི་ཆིབས་ཞབས་སོགས་སུ་ངོ་བཅར་ཞུ་དགོས་པར་བརྟེན། དེ་སྔོན་ཁུལ་འདིར་ཞག་སྡོད་བྱེད་ས་ངེས་བརྟན་མེད་པ་ལས། འགྲོ་འོང་བྱེད་རྒྱུར་དཀའ་ཚེགས་ཆེན་པོ་འཕྲད་མྱོང་ཡོད།

དེ་བཞིན་དུ་གྲྭ་ཚང་གི་སྐུ་ཞབས་རྣམས་སྨན་བཅོས་སོགས་སུ་ཕེབས་བསྐྱོད་སྐབས་ཀྱང་དཀའ་ངལ་གཅིག་མཚུངས་སུ་འཕྲད་པ་སོགས་ལ་བརྟེན། འབྱུང་འགྱུར་དཀའ་ངལ་དེ་དག་ལ་གདོང་ལེན་ཐུབ་བྱེད་དུ་ཁང་པ་འདི་གསར་ཉོ་ཞུས་པ་ཞིག་ཡིན་པ་དང་། དེ་ཡང་གོང་དུ་ཞུས་ཟིན་པ་ལྟར་ཁང་པ་འདི་གྲྭ་ཚང་གི་ཆིབས་ཞབས་པ་དང་སྨན་བཅོས་བྱེད་མཁན་ཕུད་པའི། འབྲེལ་ཡོད་སྦྱིན་བདག་ཁག་དང་། སྐུ་མགྲོན་དམིགས་བསལ་ཁག་གི་བཞུགས་གནས་སུ་སྤྱོད་པ་ལས། མགྲོན་ཁང་རང་བཞིན་གྱི་ཁང་གླ་ཕྱིར་གཏོང་བྱེད་ཀྱི་མེད་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པའོ། །

Read this page in: inསྐད།