རྩྭ་མཆོག་གྲོང་།

སྤྱིར་རྩྭ་མཆོག་གྲོང་གི་གནས་འདི་ནི་གདུལ་བྱ་རྟག་འཛིན་ཅན་ཆོས་ལ་བསྐུལ་ཕྱིར་བདག་ཅག་གི་སྟོན་པ་སྐུ་མྱ་ངན་ལས་འདའ་སའི་གནས་ཤིག་ཡིན་པ་དང༌། གནས་འདིའི་མིང་ལ་རྒྱ་གར་པ་རྣམས་ཀྱིས་ཀུ་ཤི་ན་གར་ (Kushinagar) ཞེས་འབོད་ཅིང༌། རང་ཅག་བོད་པ་རྣམས་ཀྱིས་རྩྭ་མཆོག་གྲོང་ཞེས་ཡོངས་གྲགས་སུ་འབོད་ཀྱི་ཡོད། དེ་ལྟར་འབོད་པའི་གནས་འདིའི་ཆགས་ཡུལ་ནི་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ཨུ་ཏར་པར་དེ་ཤའི་མངའ་ཁོངས་ཀུ་ཤི་ན་གར་ཞེས་པའི་ས་གནས་དེ་ཡིན་ཞིང༌། དེ་ནི་བདག་ཅག་གི་སྟོན་པས་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་སའི་གནས་མཆོག་ཝཱ་ར་ཎ་སཱའི་གྲོང་ཁྱེར་ནས་རྒྱང་ཐག་སྤྱི་ལེ་ ༣༥༩ ཙམ་གྱི་སར་ཆགས་ཡོད།

དེ་ལྟ་བུའི་རྒྱང་ཐག་གི་བར་དུ་ཆོད་པའི་ས་གནས་འདིར་ཆགས་པའི་བོད་དགོན་ཕུན་ཚོགས་ཆོས་གླིང་ནི་བོད་ས་ཡོངས་རྫོགས་རྒྱ་ལག་ཏུ་མ་ཤོར་བའི་གོང་སྟེ། ཕྱི་ལོ་ ༡༩༥༨ ལོར་ས་ཆའི་བདག་པོ་ལ་དྭགས་པ་བློ་བཟང་བསྟན་འཛིན་དང༌། སྦྱིན་བདག་ཨ་མདོ་འཇམ་དབྱངས་བསྟན་འཛིན་གཉིས་ནས་དགོན་པ་གསར་བཞེངས་ཀྱིས་འཛིན་སྐྱོང་གནང་བ་ཞིག་ཡིན་པ་དང༌། བོད་ས་ཤོར་རྗེས་ཀྱི་ཕྱི་ལོ་ ༡༩༦༧ ལོར་དགོན་པ་འདིའི་བདག་དབང་ཆ་ཚང་༸སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ཏུ་ཕུལ་བ་ཞིག་ཡིན།
དེ་ལྟར་༸སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ཏུ་ཕུལ་བའི་དགོན་པ་འདི་ལེ་དབར་སྟོང་ཕྲག་གི་ས་ནས་དཀའ་སྤྱད་འཁུར་དུ་ཁྱེར་ཏེ་འདི་གར་གནས་མཇལ་པ་དལ་འགྲོ་མའི་རྒྱུན་བཞིན་ཟམ་མ་ཆད་པར་ཡོང་བཞིན་པའི་དད་ལྡན་པ་ཁྲི་ཕྲག་མར་པོར། སྡོད་གནས་ཁང་པ་དང༌། སྣེ་ལེན་མཐུན་འགྱུར་རོགས་རམ་ཞུ་རྒྱུར། ཟམ་པ་ལྟ་བུའི་གལ་གནད་ཧ་ཅང་ཆེན་པོ་ཆགས་ཡོད་པར་བརྟེན། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དགོན་པ་འདིའི་འཛིན་སྐྱོང་བདག་དབང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་གནང་དགོས་པའི་བཀའ་སློབ་སྤྱི་བོར་ཕེབས་ཡོད།

དེ་ལྟར་མགོན་པོ་གང་གི་བཀའ་སློབ་སྤྱི་བོའི་མཛེས་རྒྱན་དུ་ཕེབས་པ་ནས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གིས་འགན་ཁུར་ཆ་ཚང་བཞེས་ཏེ་གནས་མཇལ་པ་དེ་དག་གི་ཆེད་ཕྱི་ལོ་ ༡༩༨༠ ལོ་ནས་ཡུལ་དུས་གནས་སྐབས་ལ་དཔག་སྟེ་ཡར་རྒྱས་རིམ་པར་བཏང་ཐོག ད་ལྟའི་འཆར་སྔར་ལས་ཀྱང་སྡོད་གནས་ཁང་པ་རྒྱ་བསྐྱེད་བཏང་སྟེ་ལས་གཞི་ཆ་ཚང་ལེགས་གྲུབ་ཀྱིས་དད་ལྡན་གནས་སྐོར་པ་རྣམས་ཀྱི་ཡིད་ལ། སྔོན་ཆད་ཡིན་ན་གནས་དེར་འབྱོར་དུས་སྡོད་གནས་ཁང་པ་སོགས་རག་ཨ་ཡོང་སྙམ་པའི་ལུས་ཀྱི་ངལ་དུབ་ཆེ་བའི་དཀའ་སྡུག་གི་ཐོག མུ་གེའི་སྒང་ལ་ཟླ་ལྷག་གི་དཔེ་བཞིན་སེམས་ཀྱི་དཀའ་སྡུག་དེ་ཡང་མྱོང་དགོས་ཀྱི་ཡོད་རུང༌། ད་ལྟའི་འཆར་བཞུགས་གནས་ཤིག་རག་ཡོང་ངམ་སྙམ་པའི་སེམས་ངལ་དེ་གཙང་སེལ་ཐུབ་པ་བྱུང་ཡོད།

དེ་ལྟར་གོང་དུ་ཞུས་ཟིན་པ་ལྟར་དགོན་པ་འདིའི་འཛིན་སྐྱོང་བྱེད་ཕྱོགས་ཐད་གཙོ་བོ་༸སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་ཇི་ཕེབས་བཞིན་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་འགན་ཁུར་ཆ་ཚང་བཞེས་ཀྱི་ཡོད་ལ། གནས་སྐོར་པ་རྣམས་ལ་མཐུན་འགྱུར་རོགས་རམ་དང༌། དགོན་པར་ལྟ་རྟོག་ཞུ་རྒྱུའི་སླད་སྐུ་ཞབས་བགྲེས་གཞོན་གཉིས་མ་དགོན་ནས་ཆེད་གཏོང་གིས་གནས་སྐོར་པ་རྣམས་ལ་སྣེ་ལེན་དང༌། མེ་འཁོར་དང་འགྲུལ་འཁོར་སོགས་ཀྱི་འཛིན་བྱང་ཉོ་སྒྲུབ་སོགས་ཀྱིས་གཙོས་ཕྱོགས་གང་ཐད་ནས་རོགས་རམ་གང་ནུས་ཞུས་དང་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པའོ། །

Read this page in: inསྐད།