སིམ་ལ་རྒས་གསོ་ཁང་།

ཕན་བདེ་གླིང་རྒས་གསོ་ཁང་ནི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ཡན་ལག་ཞིག་ཡིན་པ་དང་། འདིའི་ཆགས་ཡུལ་ནི་ཧི་མ་ཅལ་མངའ་སྡེའི་ཁོངས་སུ་རྫོང་ཁག་བཅུ་གཉིས་ཡོད་པའི་ནང་ནས་སིམ་ལཱ་རྫོང་གི་ས་ཁོངས་སུ་ཆགས་ཡོད།
སིམ་ལཱ་རྫོང་ནི་ཕྱི་ནང་ཡུལ་འཁོར་སྤྲོ་འཆམ་པ་སྟོང་ཚོ་མང་པོས་ཆེས་དགའ་མོས་བྱེད་སའི་རྒྱ་གར་གྱི་ས་ཁུལ་ཡིད་དུ་འོང་བ་ཞིག་ཡིན་པ་དང་། དེ་གར་བོད་དང་འདྲ་བའི་མཁའ་རླུང་གཙང་མ་དང་། ཤང་ཤང་དུ་འབབ་པའི་རི་ཆུས་སིམ་ལཱའི་གྲོང་ཁྱེར་ཡོངས་སུ་བསྐོར་བ་ཙམ་དུ་མ་ཟད། ལོ་རྒྱུས་ཀྱི་དངོས་རྫས་འགྲེམས་སྟོང་ཁང་ཡང་ཇི་སྙེད་ཅིག་ལྡན་ཡོད།
དེའི་ནང་ནས་དཔེ་མཚོན་ཞིག་ཞུས་ན་དབྱིན་ཇིའི་གོང་མ་སྲིད་གཞུང་གིས་ལོ་ངོ་བརྒྱ་ཕྲག་གཉིས་ཙམ་རིང་རྒྱ་གར་དབང་སྒྱུར་བྱེད་པའི་དུས་སྐབས་སུ་རྒྱ་གར་དབྱིན་གཞུང་གི་རྒྱལ་ཚབ་གནས་སྡོད་བྱེད་སའི་འཛིན་སྐྱོང་ལས་ཁུངས་ཀྱི་ཁང་པ་ལྟ་ན་སྡུག་ཅིང་། ཉམས་དགའ་བ་དེ་མིག་གི་དགའ་སྟོན་དུ་ལོངས་སུ་སྤྱོད་རྒྱུ་ཡོད།
དེ་ལྟ་བུའི་ཁང་པ་དེ་ནི་བོད་ཀྱི་ལོ་རྒྱུས་ནང་ཡོངས་སུ་གྲགས་པའི་ཕྱི་ལོ་ ༡༩༡༤ ལོར་བཞག་པའི་སིམ་ལཱའི་ཆིངས་ཡིག་འཇོག་སའི་ཁང་པ་དེ་ཡིན་པ་མ་ཟད། དུས་སྐབས་དེར་ཆིངས་ཡིག་འཇོག་མཁན་རྣམས་ཀྱི་སྐུ་པར་ཡང་དེ་སྔོན་དེ་གར་མཇལ་རྒྱུ་ཡོད་པར་བཤད་ཀྱང་། ཕངས་པ་ཞིག་ལ་དེང་སང་དེ་ཡང་ཆབ་སྲིད་དབང་གིས་མཐོང་སར་བཞག་མེད།
དེ་ལྟར་འགྲོ་བ་མིའི་ལོ་རྒྱུས་ནང་གལ་གནད་ཅན་གྱི་ས་ཁུལ་དུ་གྱུར་བའི་སིམ་ལཱའི་གྲོང་ཁྱེར་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་རྒྱང་ཐག་ལེ་དབར་སུམ་བརྒྱ་དྲུག་ཅུ་རེ་ལྔ་དང་། ཅན་དྷི་གར་ནས་ལེ་དབར་བརྒྱ། བཞུགས་སྒར་དྷ་རམ་ས་ནས་ལེ་དབར་ཉི་བརྒྱ་སུམ་ཅུ་སོ་ལྔ་ཙམ་གྱི་གནས་སུ་ཆགས་ཡོད།
དེ་ལྟ་བུའི་ས་གནས་སུ་ཆགས་པའི་ཕན་བདེ་གླིང་རྒས་གསོ་ཁང་ནི་ཕྱི་ལོ་ ༡༩༩༦ ལོར་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ཡང་རང་རིགས་རྒན་རྒོན་བདག་མེད་དུ་ལུས་ཤིང་། ནད་གཅོང་དུ་གྱུར་བའི་རིགས་ལ་ཕན་ཐོགས་ཅུང་ཟད་རེ་བསྒྲུབ་ཐུབ་ན། སྤྱིར་བོད་མི་རིགས་ལ་ཞབས་འདེབས་དང་། ཡང་སྒོས་༸རྒྱལ་བའི་དབུ་འོག་དཔུང་འདེགས་ཀྱི་ཞབས་ཞུར་ཡང་དགོངས་ཏེ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་གསར་འཛུགས་གནང་བ་ཞིག་རེད།
རྒས་གསོ་ཁང་འདི་གསར་འཛུགས་མ་གནང་གོང་རང་རིགས་རྒན་རྒོན་བདག་མེད་དུ་ལུས་ཡོད་པ་ཇི་སྙེད་ཅིག་མཆིས་པ་ལས། དཔེ་མཚོན་ཞིག་གི་སྟེང་ནས་ཞུས་ན། དགུང་གྲངས་ ༩༡ ཏུ་ཕེབས་པའི་བགྲེས་སོང་ཕུར་བུ་དབང་རྒྱལ་ལགས་ཀྱིས། མི་ལོ་ཉི་ཤུའི་རིང་སིམ་ལཱའི་གད་སྙིགས་ནང་གི་ཤོག་སྒམ་དང་། ལྕགས་ཧྲུག འགྱིག་རིགས་སོགས་རང་ཉིད་ཀྱིས་ངལ་རྩོལ་ཁོ་ནར་བརྟེན་ནས་འཚོལ་སྒྲུབ་དང་། ཕྱིར་བཙོང་བྱས་པའི་ཡོངས་འབབ་ཁོ་ནའི་སྟེང་ནས་འཚོ་བ་བསྐྱལ་ཡོད་པ་དང་། དེ་ལྟ་བུའི་ཡོངས་སྒོས་རིན་གོང་ཆེ་བའི་ཁྲོམ་རའི་དཔལ་འབྱོར་གྱི་ཟས་རིགས་ལ་ཁ་གཏད་གཅོད་ཐབས་བྲལ་བས་བགྲེས་པོ་ཁོང་གིས་མི་ལོ་ཉི་ཤུའི་རིང་གི་འཚོ་བ་མང་ཆེ་བ་ཆུ་རྐྱང་རྩམ་རྐྱང་ལ་བརྟེན་ནས་མི་ཡུལ་གྱི་འཚོ་བར་རོལ་ཡོད།
དེ་ལྟར་ཐོས་ན་སྙིང་གཟེར་ཞིང་མཐོང་ན་མིག་ཆུ་བཞུར་འོང་བའི་ཁོང་དང་འདྲ་བའི་རང་རིགས་རྒན་རྒོན་བྱས་པ་ཅན་དེ་དག་གི་སྐྱོ་ངལ་ལ་བསམས་ན་བོད་རིགས་ཤིག་ཡིན་པའི་ཆ་ནས་ལྷོད་པོར་སྡོད་ག་ལ་གཟོད་ཨང་། དེའི་སྟབས་ཀྱིས་བགྲེས་སོང་ཁོང་དང་ཁོང་འདྲ་བའི་རང་རིགས་རྒན་རྒོན་བྱས་པ་ཅན་དེ་དག་གི་ཆེད་དུ་རྒས་གསོ་ཁང་འདི་གསར་འཛུགས་གནང་བ་ནི་དགོས་སར་ཆད། མི་དགོས་སར་ལྷག་ཅེས་པའི་དཔེ་ལྟར་གྱུར་པ་མ་ཡིན་པར། ནད་ལ་སྨན་གྱི་དཔེ་ལྟར་ཁ་ཚ་དགོས་གཏུགས་ཀྱི་སྤྱི་ཚོགས་ཞབས་ཞུ་ཞིག་ཆགས་ཡོད།
རྒས་གསོ་ཁང་འདིར་དེང་དུས་དང་མཐུན་པའི་ཆ་རྐྱེན་གང་འཚམ་ལྡན་ཡོད་པ་མ་ཟད། དེ་ལྟའི་འཆར་བགྲོས་སོང་ཕོ་མོ་ ༥༠ ཙམ་ཡོད་ཅིང་། བགྲེས་སོང་དེ་དག་ལ་ཞབས་ཕྱི་ཞུ་མཁན་གྱི་མི་སྣ་ཡང་ཟུར་དུ་གླས་ཏེ་ཚེ་མཇུག་བདེ་སྐྱིད་ངང་ཕྱག་འཚལ་སྐོར་སྦྱོང་གིས་དུས་འདའ་བཞིན་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པའོ། །